ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ཕྱི་འབྲེལ་བློན་ཆེན་གྱིས་ཞི་ལཱ་དང་ཐུར་ཁེ་ཡིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་ཉེར་ལྔ་ཉིན་ཞི་ལཱ་རུ་འཚམས་འདྲི་བྱས་ཏེ། ཞི་ལཱ་དང་ཐུར་ཁེ་ཡིས་ས་དཀྱིལ་མཚོ་ཁོངས་ཤར་མའི་རྩོད་གླེང་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཐད་ཀར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ཉིན་དེར་ད་རུང་ཐུར་ཁེ་རུ་འཚམས་འདྲི་བྱས་པ་རེད། 

མཱ་སི་ཡིས་འཚམས་འདྲི་བྱེད་པའི་ཉིན་དེར། ཞི་ལཱ་དང་ཐུར་ཁེ་ཡིས་སོ་སོར་ས་དཀྱིལ་མཚོ་ཁོངས་ཤར་མར་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བཞིན་ཡོད། 

མཱ་སི་ཡིས་ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཏིན་ཏིས་ཡཱ་སི་ལ་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ས་དཀྱིལ་མཚོ་ཁོངས་ཤར་མའི་མིག་སྔའི་གནས་བབ་ཛ་དྲག་ཆེ་བ་དང་། ཡ་ང་བའི་གནོད་འཚེ་ཐེངས་ཤིག་འབྱུང་ཡང་སྲིད་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཁོས་ཡཱ་ཏེན་དུ་འཚམས་འདྲི་བྱས་པ་ལས་བརྡ་འཕྲིན་གཉིས་བརྒྱུད་བསྒྲགས་བྱས་ཡོད་དེ། གཅིག་ནི་འཇར་མན་དང་ཡོ་རོབ་གླིང་མནའ་འབྲེལ་ཧྲིལ་བོ་མཐུན་སྒྲིལ་ཆེན་པོས་ཞི་ལཱའི་ཕྱོགས་ནས་ལངས་སྲིད། གལ་འགངས་ཆེ་བའི་བརྡ་འཕྲིན་གཞན་ཞིག་ནི་ང་ཚོར་ད་ལྟ་མྱུར་དུ་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་གྲོས་མོལ་བྱེད་འདོད་པའི་བརྡ་ཞིག་ངེས་པར་དུ་མཁོ་གལ་ཆེ་ཟེར། 

ཁོས་ཞི་ལཱ་དང་ཐུར་ཁེ་ཡིས་ཐད་ཀར་གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་ཁོར་ཡུག་ཅིག་དགོས་པས་གཏོར་བརླག་རང་བཞིན་གྱི་བྱ་འགུལ་ཡོད་ཚད་ངེས་པར་དུ་མཚམས་འཇོག་དགོས་པ་ནན་གྱིས་བསྟན། 

ཏིན་ཏིས་ཡཱ་སི་ཡིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཞི་ལཱ་ཡིས་ཐུར་ཁེའི་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་། འཇིགས་སྐུལ་དང་དཀྲུག་འཕེན་འོག་གྲོས་མོལ་བྱེད་མི་སྲིད་ལ། བདག་དབང་ལ་གནོད་པ་ཐེབས་པའི་གནས་ཚུལ་འོག་གྲོས་མོལ་བྱེད་མི་སྲིད་ཟེར། 

ཏིན་ཏིས་ཡཱ་སི་ཡིས་ཐུར་ཁེ་ཕྱོགས་ཀྱིས་སྔར་བཞིན་ཁྲིམས་འགལ་གྱིས་ཐོན་ཁུངས་སྔོག་འདོན་བྱས་ཏེ་གནས་བབ་ཛ་དྲག་ཏུ་གཏོང་བའི་དཀྲུག་འཕེན་བྱས་པར་སྐྱོན་འཛུགས་བྱས། ཁོས་བཤད་རྒྱུར། ཞི་ལཱ་ཡིས་རང་སྟེང་གི་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། 

མཱ་སི་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་འཚམས་འདྲི་བྱས་ཏེ། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་གྲོས་མོལ་བྱས། 

ཐུར་ཁེ་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་ལུའུ་ཆི་ལོས་དབྱེ་སི་རྟགས་ཅན་གྱི་སྔོག་འདོན་ཞིབ་བཤེར་ཡུན་ཚད་དེ་ཟླ་འདིའི་ཚེས་ཉེར་བདུན་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར། 

ཐུར་ཁེ་དང་ཞི་ལཱ་ཡིས་ཚེས་ཉེར་ལྔ་ཉིན་སོ་སོར་ས་དཀྱིལ་མཚོ་ཁོངས་ཤར་མ་ནས་དམག་དོན་འགུལ་སྐྱོད་སྤེལ། ཞི་ལཱ་སྲིད་གཞུང་གིས་སྔ་ཉིན་ཁྱབ་སྒྲོག་བྱས་དོན། ཞི་ལཱའི་མཚོ་དམག་དང་མཁའ་དམག་གིས་ཚེས་ཉེར་ལྔ་ཉིན་ནས་བཟུང་ཁི་ལི་ཐི་གླིང་ཕྲན་གྱི་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་ནས་མདེལ་དངོས་མའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། ཡུན་ཚད་ཉིན་གསུམ་ཡིན་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེ་ཕྱོགས་ཀྱི་འགེབས་སྲུང་གྲུ་གཟིངས་གཉིས་དང་དབྱི་ཐཱ་ལེའི་མཐར་སྐྲོད་གྲུ་གཟིངས་ཤིག་ཉིན་དེར་ས་དཀྱིལ་མཚོ་ཁོངས་ཤར་མའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་ཡང་ཁི་ལི་ཐི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་སྤེལ་བ་རེད་ཟེར། 

སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སེ་ཕུའུ་ལུའུ་སི་དང་ཞི་ལཱ། ཧྥ་རན་སི། དབྱི་ཐཱ་ལེ་བཅས་ཀྱི་མཚོ་དམག་དང་མཁའ་དམག་གིས་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་སེ་ཕུའུ་ལུའུ་སིའི་ཉེ་འདབས་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། 

ཐུར་ཁེ་དང་སེ་ཕུའུ་ལུའུ་སིའི་བར་དུའང་ས་དཀྱིལ་མཚོ་ཁོངས་ཤར་མའི་ཐོན་ཁུངས་ཐད་རྩོད་གླེང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།