ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱ་དང་ཨུ་རུ་སི་ཡིས་ཕན་ཚུན་གྱི་ཕྱི་འབྲེལ་དཔོན་པོ་གཅིག་མཐར་སྐྲོད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་གཅིག་མཐར་སྐྲོད་བཏང་། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་རྗེས་སུ་བཤད་རྒྱུར། འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་དཔོན་པོ་གཅིག་ཀྱང་མཐར་སྐྲོད་བཏང་ཡོད་ཟེར། 

ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དེའི་བྱ་སྤྱོད་ཝེ་ཡེ་ནཱའི་སྤྱི་ཆིངས་ཀྱི་གཏན་འཁེལ་དང་མི་འཚམ་ཟེར་ཡང་བྱེ་བྲག་གི་ནང་དོན་མང་དུ་གླེང་མེད། ཨོ་སི་ཁྲུ་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུར། ཕྱི་འབྲེལ་དཔོན་པོ་དེ་ཨོ་སི་ཁྲུ་རི་ཡཱའི་སྤྱི་དམངས་ཤིག་དང་མཉམ་དུ་ཨོ་སི་ཁྲུ་རི་ཡཱའི་ལག་རྩལ་ཁེ་ལས་ཀྱི་ཚོང་ལས་གསང་བ་བརྐུས་པའི་དོགས་གཞི་ཡོད་པས། ཟླ་དགུ་བའི་ཚེས་གཅིག་གི་སྔོན་ལ་ཨོ་སི་ཁྲུ་རི་ཡཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཨོ་སི་ཁྲུ་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡཱའི་ཕྱོགས་ཀྱིས་གཞི་འཛིན་ས་ཅི་ཡང་མེད་པའི་སྒོ་ནས་ཆོད་དོན་སྤེལ་བར་ཁོང་ཁྲོ་ཆེན་པོ་ལངས་ཡོད། ཆོད་དོན་དེས་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བར་གཏོར་བརླག་བཏང་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འདྲ་མཉམ་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཨུ་རུ་སིར་སྡོད་པའི་ཨོ་སི་ཁྲུ་རི་ཡཱའི་གཞུང་ཚབ་ལ་ཐུག་འཕྲད་བྱས་ཏེ། ཨོ་སི་ཁྲུ་རི་ཡཱའི་ཕྱོགས་ཀྱི་ཆོད་དོན་དེར་ངོ་རྒོལ་བྱས། ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་ཁྱབ་སྒྲོག་བྱས་དོན། འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་དཔོན་པོ་ཞིག་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པ་དང་། ཕྱི་འབྲེལ་དཔོན་པོ་དེ་ཨུ་རུ་སི་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར། 

ནུབ་ཕྱོགས་རྒྱལ་ཁབ་ཁྲོད་ཨོ་སི་ཁྲུ་རི་ཡཱ་དང་ཨུ་རུ་སིའི་འབྲེལ་བ་ཅུང་བཟང་། ཨུ་རུ་སིའི་སྔོན་ཆད་ཀྱི་གསར་འཕྲིན་མི་སྣ་སི་ཁི་ལི་ཕཱ་ཨར་དང་བུ་མོར་ཉིས་སྟོང་བཅོ་བརྒྱད་ལོར་དབྱིན་ཇིའི་ལྷོ་ཕྱོགས་ཀྱི་སོ་ཨར་ཙི་པའོ་ལི་གྲོང་ཁྱེར་ནས་དུག་ཕོག་རྗེས། དབྱིན་ཇི་དང་ཨ་མེ་རི་ཁ། འཇར་མན་སོགས་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སི་ཡིས་ཕན་ཚུན་གྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་བཏང་བ་རེད། ཨོ་སི་ཁྲུ་རི་ཡཱ་ཡིས་སྐབས་ཐོག་དེར་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་བཏང་མེད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།