ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་བྱིས་པའི་ཐེབས་རྩ་ཚོགས་པས་ལོ་བཅུ་གཉིས་དང་དེའི་ཡན་གྱི་ན་གཞོན་ལོ་ཆུང་དག་གིས་ཁ་ཐུམ་བརྒྱག་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་སྔོན་མཉམ་འབྲེལ་གྱིས་ནར་སོན་མེད་པའི་ན་གཞོན་ལོ་ཆུང་དག་གིས་ཁ་ཐུམ་བརྒྱག་པའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས། ཕྱོགས་སྟོན་དེ་ལས་མི་དར་མས་ཁ་ཐུམ་བརྒྱག་པར་རེ་བ་བཏོན་པའི་ས་ཁུལ་གང་ཡིན་ཡང་། ལོ་བཅུ་གཉིས་དང་དེའི་ཡན་གྱི་ན་གཞོན་ལོ་ཆུང་དག་གིས་ཀྱང་ཁ་ཐུམ་བརྒྱག་དགོས་པ་དང་། ལོ་དྲུག་ནས་ལོ་བཅུ་གཅིག་བར་གྱི་བྱིས་པས་ཆ་རྐྱེན་ལ་གཞིགས་ནས་ཁ་ཐུམ་བརྒྱག་དགོས་མིན་ཐག་གཅོད་བྱས་ཆོག་པའི་གྲོས་གཞི་བཏོན་ཡོད། 

ཕྱོགས་སྟོན་ལས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྨིད་གཅིག་ཡོད་པར་འགན་སྲུང་བྱེད་ཐབས་མེད་པ་དང་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཆེར་འགོ་བའི་ས་ཁོངས་སུ་ཡོད་ཚེ། ལོ་བཅུ་གཉིས་དང་དེའི་ཡན་གྱི་ན་གཞོན་ལོ་ཆུང་གིས་ཁ་ཐུམ་བརྒྱག་དགོས། ལོ་དྲུག་ནས་ལོ་བཅུ་གཅིག་བར་གྱི་བྱིས་པས་ཁ་ཐུམ་བརྒྱག་དགོས་མིན་དེས་དཔེར་ན་སྡོད་སའི་ས་ཁོངས་སུ་ནད་དུག་འགོ་བའི་དྲག་ཚད་དང་བྱིས་པས་ཡང་དག་པར་ཁ་ཐུམ་བརྒྱག་པའི་ནུས་པ། ཁ་ཐུམ་བརྒྱག་པ་ལས་བྱིས་པའི་སློབ་སྦྱོང་དང་ལུས་སེམས་ཀྱི་འཕེལ་རྒྱས་ཐད་ཀྱི་ཤུགས་རྐྱེན། དེ་མིན་བྱིས་པ་དང་ཉེན་ཁ་ཆེ་བའི་མང་ཚོགས་བར་གྱི་འབྲེལ་འདྲིས། སྡོད་སའི་སློབ་གྲྭའི་དམིགས་བསལ་ཁོར་ཡུག་སོགས་རྒྱུ་རྐྱེན་མང་བོར་བསམ་བློ་གཏོང་དགོས་པའི་གྲོས་གཞི་བཏོན། 

ཕྱོགས་སྟོན་ལས་བལྟས་ན། བདེ་འཇགས་དང་བྱིས་པའི་སྤྱིའི་ཁེ་ཕན་ལ་བསམ་བློ་བཏང་ནས། ལོ་ལྔའི་མན་གྱི་བྱིས་པར་ཁ་ཐུམ་བརྒྱག་པའི་རེ་བ་འདོན་མི་རུང་། གལ་ཏེ་ལོ་ལྔའི་མན་གྱི་བྱིས་པས་ཁ་ཐུམ་བརྒྱབ་ན་ཁྱིམ་བདག་གིས་ལྟ་རྟོག་བྱེད་དགོས་པར་འདོད། 

ཕྱོགས་སྟོན་ལས་ནན་གྱིས་བསྟན་དོན། ལོ་ཚོད་ཀྱི་རིམ་པ་གང་ཡིན་ཡང་བྱིས་པའི་འཚར་ལོངས་ལ་བཀག་རྒྱ་ཡོད་པ་དང་བདེ་ཐང་གི་གནས་ཚུལ་གཞན་པ་ཡོད་ན་བཙན་གྱིས་ཁ་ཐུམ་བརྒྱག་དགོས་པའི་རེ་བ་འདོན་མི་རུང་། དེ་ལས་གཞན་བྱིས་པ་དག་ལུས་རྩལ་འགུལ་སྐྱོད་དང་ལུས་རྩལ་བྱ་འགུལ་ལ་ཞུགས་སྐབས་ཁ་ཐུམ་བརྒྱག་མི་རུང་ལ། དབུགས་འབྱིན་རྔུབ་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར། དེའི་ཞོར་དུ་མི་གཞན་པའི་བར་གྱི་བར་ཐག་སྲུང་འཛིན་དང་ཐུན་མོང་འགུལ་སྐྱོད་ཀྱི་མི་གྲངས་ལ་ཚོད་འཛིན་བྱེད་པ། ལག་པ་གཙང་མར་འཁྲུད་པའི་སྒྲིག་ཆས་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། 

ཕྱོགས་སྟོན་ལས་ལུས་ཕུང་བདེ་ཐང་ཡིན་པའི་ནར་སོན་མེད་པའི་བྱིས་པས་ཆེ་ཆུང་རན་པའི་སྨན་བཀོལ་མ་ཡིན་པའི་ཁ་ཐུམ་བརྒྱབ་པས་ཆོག་པ་དང་། ཁ་ཐུམ་གྱིས་ཁ་དང་སྣ། མ་ནེ་བཅས་ཁེབས་དགོས། ཁ་ཐུམ་མ་བརྒྱབ་གོང་ཆང་བཅུད་འདུས་པའི་འདག་རྫས་བཀོལ་ནས་བཞུར་ཆུའི་ནང་ལག་པ་གཙང་མར་འཁྲུད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།