ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རི་དང་ཡོ་རོབ་བར་ཚད་ཡོད་སྒོ་ཁྲལ་ཉུང་གཏོང་གི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གཅིག་ཉིན་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་དོན། ཨ་སྒོར་དུང་ཕྱུར་མང་པོའི་ཚོང་ཟོག་ཁྲོམ་རའི་ཞུགས་ཆོག་རྒྱ་བསྐྱེད་པའི་ཚད་ཡོད་སྒོ་ཁྲལ་ཉུང་གཏོང་གི་གྲོས་མཐུན་བཀོད། དེ་ནི་ལོ་ཉི་ཤུ་ལྷག་ཙམ་རིང་ཨ་རི་དང་ཡོ་རོབ་བར་ཐོག་དང་པོར་སྒོ་ཁྲལ་ཉུང་གཏོང་གི་གྲོས་མཐུན་རབ་དང་རིམ་པ་བཀོད་པ་རེད། 

གྲོས་མཐུན་ལྟར་ན། ཡོ་རོབ་མནའ་འབྲེལ་གྱིས་གཟིགས་སྐྱོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོབ་ཐང་གི་རྨང་གཞིའི་ཐོག་ཨ་རི་ནས་ནང་འདྲེན་བྱས་པའི་འབྲུག་དབྱིབས་མའི་ཆུ་འབུ་གློ་ཉའི་ཐོན་རྫས་ཀྱི་སྒོ་ཁྲལ་མེད་པར་བཟོས་པ་དང་དུས་ཡུན་ལོ་ལྔ་ཡིན་པ་རེད། ཨ་རིའི་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་ཨ་རི་ཡིས་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་བྱས་པའི་འབྲུག་དབྱིབས་མའི་ཆུ་འབུ་གློ་ཉའི་ཐོན་རྫས་ཀྱི་རིན་ཐང་ཨ་སྒོར་དུང་ཕྱུར་དང་བྱེ་བ་གཅིག་ས་ཡ་གཅིག་ལས་བརྒལ་ཡོད། དུས་མཚུངས་སུ། ཨ་རི་ཡིས་གཟིགས་སྐྱོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོབ་ཐང་གི་རྨང་གཞིའི་ཐོག་ཡོ་རོབ་མནའ་འབྲེལ་ནས་ནང་འདྲེན་བྱས་པའི་ཟས་བཙོས་མ་དང་། ཆུ་ཤེལ་གྱི་ཐོན་རྫས། མེ་ཆ་སོགས་ཐོན་རྫས་ཀྱི་སྒོ་ཁྲལ་ཚད་ཕྱེད་ཀ་བཅག་པ་དང་། དེར་ཐོན་རྫས་ཀྱི་ལོའི་ཆ་སྙོམས་ཉོ་ཚོང་འབོར་གྲངས་ཨ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལ་བསླེབ་ཡོད།  

གྲོས་མཐུན་ནང་ཕྱོགས་གཉིས་ཀྱིས་སྒོ་ཁྲལ་གྱི་ཁྲལ་ཚད་ལེགས་སྒྲིག་བྱེད་པའི་ཐོག་མའི་དུས་ཚོད་ནི་ད་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བར་ཁུངས་འདེད་བྱེད་རྒྱུ་གཏན་འབེབས་བྱས་ཡོད། 

ཨ་རིའི་ཉོ་ཚོང་གི་འཐུས་མི་ལའེ་ཐི་ཞི་ཙེ་དང་ཡོ་རོབ་མནའ་འབྲེལ་གྱི་ཉོ་ཚོང་ཨུ་ཡོན་ཧོ་ཀེན་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། གཉིས་ཕན་གྲོས་མཐུན་དེས་ཨ་རི་དང་ཡོ་རོབ་ཀྱི་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་བྱེད་ཐུབ་པ་དང་། ཕྱིན་ཆད་གྲོས་མཐུན་དེ་ལས་མང་བོ་འགོད་རྒྱུའི་རེ་བ་ཡོད་ཅེས་ཟེར། 

དབྱེ་ཞིབ་མི་སྣས་བསྟན་དོན། དེའི་སྔོན་ཨ་རི་ཡིས་ཡོ་རོབ་མནའ་འབྲེལ་གྱི་ཐོན་རྫས་ལ་བསྡུས་པའི་ཁ་སྣོན་སྒོ་ཁྲལ་དང་བསྡུར་ན་ཐེང་འདིའི་སྒོ་ཁྲལ་ཉུང་དུ་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་མཁའ་འགྲུལ་ཁ་གསབ་དང་གྲངས་ལྡན་ཞབས་ཞུའི་དཔྱ་ཁྲལ་ཐད་ཀྱི་ཚོང་དོན་རྩོད་གཞི་ཞི་འཇགས་སུ་གཏོང་ཐུབ་མིན་ལ་ཡང་རྗེས་སུ་བལྟ་དགོས་ཟེར། 

ཨ་རིའི་ཨེ་ཤ་ཡའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྔོན་ཆད་ཀྱི་ཉོ་ཚོང་གྲོས་མོལ་དཔོན་པོ་ཁཱ་ཐི་ལེ་ཡིས་བསྟན་དོན། ཨ་རི་ཡིས་རྒྱལ་ཁབ་གཞན་པར་དམིགས་པའི་ཉོ་ཚོང་རྩོད་གཞི་བསླངས་པ་དང་།། དེ་བཞིན་དཔལ་འབྱོར་ཚོགས་པའི་བར་དུ་གཟིགས་སྐྱོང་ཉོ་ཚོང་གི་གྲོས་མཐུན་བཀོད་པ་ལས་ཨ་རིར་ཁྲོམ་རའི་ཞུགས་ཆོག་ཐད་གྱོང་གུད་བཟོས་ཡོད། ཐེངས་འདིར་ཨ་རི་དང་ཡོ་རོབ་ཀྱི་སྒོ་ཁྲལ་ཉུང་གཏོང་གི་གྲོས་མཐུན་གྱིས་འབྲེལ་ཡོད་གྱོང་གུད་ཁ་གསབ་བྱས་ཡོད་པ་འདྲ་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།