ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཀྲུང་དབྱང་རིམས་འགོག་ཐབས་ཇུས་པུའུ་ཡིས་ཚེས་ཉེར་ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་ནས་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་བར་ཧན་གོར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་སུམ་བརྒྱ་དང་སོ་གཉིས་ཇེ་མང་དུ་སོང་ཡོད། ཉིན་གཉིས་རིང་བསྟུད་མར་ཉིན་རེར་ནད་རྟགས་གཏན་འཁེལ་བྱེད་པའི་ནད་པ་སུམ་བརྒྱ་ལས་བརྒལ་ཡོད་པ་རེད། རིམས་ནད་ཐོན་པ་ནས་བཟུང་། ཧན་གོའི་གྲོང་ཁྱེར་བཅུ་བདུན་ཚང་མར་དུས་མཉམ་དུ་ནད་གཞི་གཏན་འཁེལ་གྱི་ནད་པ་ཐོག་དང་པོར་བྱུང་བ་རེད།
ཧན་གོའི་བདེ་སྲུང་ཕན་བདེའི་པུའུ་ཀྲང་ཀོན་ཕེའོ་ལིང་ཧོའུ་ཡིས་ཉིན་དེར་རྒྱལ་དམངས་ལ་ཁ་བརྡ་བྱེད་སྐབས། ཧན་གོའི་རིམས་ནད་གཞི་ཁྱོན་ཆེན་པོས་མཆེད་པའི་ཛ་དྲག་གི་གནས་བབ་འོག སྲིད་གཞུང་གིས་ཚེས་གསུམ་ཉིན་ནས་བཟུང་རྒྱལ་ཡོངས་སུ་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པའི་དུས་རིམ་གཉིས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་རེད། དེའི་སྔོན་ཧྲིག་ཨར་གྲོང་ཁྱེར་དང་། རེན་ཁྲོན་གྲོང་ཁྱེར། ཅིང་ཡོན་ཏའོ་བཅས་ཀྱིས་ཚེས་བཅུ་དགུའི་ཉིན་ནས་བཟུང་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པའི་དུས་རིམ་གཉིས་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད།
ཧན་གོ་སྲིད་གཞུང་གིས་ཟླ་དྲུག་པའི་ཟླ་མཇུག་ཏུ་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་དུས་རིམ་གསུམ་གྱི་རིམས་འགོག་ཐབས་ཇུས་ཁྱབ་བསྒྲགས་བྱས་པ་རེད། དུས་རིམ་དང་པོའི་སྔོན་འགོག་ཚོད་འཛིན་གྱི་རིམ་པ་དམའ་ཤོས་ཡིན་པ་དང་དེ་ནི་འཚོ་བའི་རིམས་འགོག་དུས་རིམ་ཡིན། དུས་རིམ་གཉིས་པར་ཁང་པའི་ནང་གི་མི་ལྔ་བཅུ་དང་ཕྱི་རོལ་གྱི་མི་བརྒྱ་ཡན་གྱི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག སྤྱི་བའི་སྒྲིག་བཀོད་དང་ཉེན་ཁ་ཆེ་བའི་ཚོགས་ར་སོགས་གནས་སྐབས་སུ་སྒོ་འབྱེད་མཚམས་འཇོག་དགོས།
ཧན་གོའི་ནད་རིགས་དོ་དམ་སྡེ་ཁག་གི་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་བར་ཧན་གོར་རིམ་རྩིས་བྱས་ན་ནད་པ་ཁྲི་གཅིག་དང་སྟོང་བདུན་གཉིས་གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་མི་སུམ་བརྒྱ་དང་དགུ་རྐྱེན་ལམ་དུ་ཤོར། རིམ་རྩིས་བྱས་ན་མི་ཁྲི་གཅིག་དང་སྟོང་བཞི་བརྒྱ་དང་རེ་དགུ་དྲག་སྐྱེད་བྱུང་བ་རེད། གསར་དུ་འཕར་བའི་ནད་པ་སུམ་བརྒྱ་དང་སོ་གཉིས་ཀྱི་ནད་རྟགས་གཏན་འཁེལ་བྱེད་པའི་ཁྲོད་དུ། ས་གནས་རང་གི་ནད་པ་སུམ་བརྒྱ་དང་བཅོ་ལྔ་ཡོད་པའི་ནང་། ནད་པ་ཉིས་བརྒྱ་དང་སོ་དགུ་ཧྲིག་ཨར་དང་། རེན་ཁྲོན། ཅིང་ཡོན་ཏའོ་སོགས་རྒྱལ་སའི་ཁུལ་དུ་གཅིག་འདུས་བྱས་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཧན་གོས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་རིམས་ནད་ཀྱི་གནས་བབ་ཚབས་ཆེན་ཐག་གཅོད་བྱས།