ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ས་ཁུལ་གྱི་གནད་དོན་གཙོ་བོར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཚེས་ཉི་ཤུ་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་སྤྲོ་གསེང་གནས་མཆོག་པུའུ་ལོས་ཀང་སུང་པའོ་ནས་གྲོས་མོལ་བྱས་ཏེ། ས་དཀྱིལ་མཚོ་ཁོངས་ཤར་མ་དང་ཨུ་རུ་སི་དཀར་པོ། མཱ་ལི་སོགས་ས་ཁུལ་གྱི་གནད་དོན་གཙོ་བོ་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་གནས་ཚུལ་བཅས་ལ་གྲོས་བསྡུར་བྱས། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་འཇར་མན་གྱིས་ས་དཀྱིལ་མཚོ་ཁོངས་ཤར་མར་ཡོ་རོབ་གླིང་གི་བདག་དབང་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐུན་མོང་འཐབ་ཇུས་དམིགས་འབེན་ཡོད། ཧྥ་རན་སི་དང་འཇར་མན་གྱིས་ཞི་ལཱ་དང་སེ་ཕུའུ་ལུའུ་སིའི་བར་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ས་ཁུལ་དེའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་ཐོབ་པར་འགན་སྲུང་དང་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། ས་དཀྱིལ་མཚོ་ཁོངས་ཤར་མའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོ་མོས་བཤད་རྒྱུར། འཇར་མན་དང་ཧྥ་རན་སི་ཡིས་མཐུན་སྒྲིལ་བྱས་ཏེ་འགུལ་སྐྱོད་སྤེལ་བ་དང་། འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་པ་ལས་དམག་དོན་ལ་བརྟེན་པའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་མི་རུང་ཟེར། 

ཨུ་རུ་སི་དཀར་པོའི་གནས་བབ་གླེང་སྐབས་མཱ་ཁི་ལུང་གིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོའི་བར་འདུམ་འགྲིག་བྱེད་པ་དང་། ཨུ་རུ་སིའི་བར་གྲོས་བསྡུར་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

མཱ་ལིའི་གནས་བབ་ཐད་ནས་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་མཱ་ལི་རུ་དམག་དོན་སྲིད་འགྱུར་བྱུང་རྗེས་དམངས་གཙོའི་བར་བརྒལ་མངོན་འགྱུར་འབྱུང་བའི་རེ་བ་བྱས་ཡོད་ཟེར། མའོ་ཁི་ཨར་གྱིས་ད་རུང་བསྟན་དོན། ཧྥ་རན་སིའི་དམག་དཔུང་དང་མཱ་ལིའི་དམག་དཔུང་གིས་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་ཐད་ནས་མཱ་ཁི་ལུང་གིས་བསྟན་དོན། ཡོ་རོབ་གླིང་གིས་རིམས་ནད་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་ཐད་ནས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱེད་བཞིན་ཡོད། མིག་སྔར་འགོག་སྨན་རིགས་འགའ་ཞིབ་འཇུག་གསར་སྤེལ་གྱི་དུས་རིམ་གསུམ་པར་གནས་ཡོད་པ་དང་། མ་འོངས་པའི་ཟླ་ངོ་འགའི་ནང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།