ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཡང་བསྐྱར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་ཁ་པར་བཏང་ནས་ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུ་ཉིན་ཡང་བསྐྱར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། མུས་ཞེ་ཨར་གྱིས་ཁ་པར་གཏོང་སྐབས་ཕུའུ་ཅིན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་དགུ་ཉིན་ཨུ་རུ་སི་དཀར་པོའི་གནས་བབ་ཐད་ནས་བསྡུས་པའི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཕུའུ་ཅིན་གྱིས་བསྟན་དོན། བདག་དབང་རྒྱལ་ཁབ་ཡིན་པའི་ཆ་ནས་ཨུ་རུ་སི་དཀར་པོའི་མགོ་ཁྲིད་པར་གནོན་ཤུགས་སྟེར་བ་དང་ཕྱི་ཕྱོགས་ཀྱིས་དེའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་དོན་སྙིང་མེད་ཟེར། ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་ཨུ་རུ་སི་དཀར་པོའི་གནས་བབ་གཏན་འཇགས་སུ་གཏོང་བ་དེ་ཨུ་རུ་སིའི་ཁེ་ཕན་དང་འཚམ་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ཕན་དང་ཡང་འཚམ་པ་བསྐྱར་སྒྲོག་བྱས། 

བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་། ཕུའུ་ཅིན་དང་མུས་ཞེ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་ཁ་པར་གྲོས་མོལ་བྱས། ཁོ་གཉིས་ཀྱིས་ཨུ་རུ་སི་དཀར་པོའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དཀར་པོར་འགྲན་འཛུགས་ཀྱི་རྣམ་པ་འབྱུང་དུ་འཇུག་མི་རུང་ཟེར། 

གཞན་ཡང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་དང་། དེ་མིན་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་བཅས་ལ་སོ་སོར་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་དང་པའོ་ལེ་ལེ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཨུ་རུ་སི་དཀར་པོའི་ལས་དོན་དེ་ཨུ་རུ་སི་དཀར་པོའི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་དང་། ཕྱི་ཕྱོགས་ཀྱིས་དེར་ཐེ་གཏོགས་བྱེད་མི་རུང་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་གོང་སྨྲས་རྩ་དོན་དང་འགལ་ཡོད་ཟེར། ཁོས་རྒྱལ་ཁབ་དེ་དག་གིས་ཨུ་རུ་སི་དཀར་པོའི་ངོ་རྒོལ་ཕྱོགས་ཁག་དང་སྲིད་གཞུང་བར་འགྲན་འཛུགས་ཀྱི་རྣམ་པ་འབྱུང་དུ་འཇུག་སྲིད་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།