ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་གྲོས་ཁང་གིས་ཞི་ལཱའི་བར་གྱི་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་གྲོས་ཁང་གིས་ཉིན་དེར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འདེམ་ཤོག་འཕེན་པའི་ཐབས་ཀྱིས་ཨེ་ཅིབ་དང་ཞི་ལཱ་ཡིས་ཟླ་སྔོན་མར་བཀོད་པའི་མཚོ་ཐོག་གི་རྒྱལ་མཚམས་ཀྱི་གྲོས་མཐུན་ལ་ཆོག་མཆན་བཀོད། 

བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ལས་ཨེ་ཅིབ་དང་ཞི་ལཱའི་ས་དཀྱིལ་མཚོ་ཁོངས་ཀྱི་མཚོ་ཐོག་གི་རྒྱལ་མཚམས་ཁག་ཅིག་གཏན་འཁེལ་བྱས་ཡོད་པས་ཨེ་ཅིབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་འཚམ་ཟེར། མ་འོངས་པར་ཨེ་ཅིབ་དང་ཞི་ལཱ་ཡིས་ད་རུང་མུ་མཐུད་དུ་གྲོས་མོལ་བྱས་ནས་ཆེས་མཇུག་མཐར་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་གི་རྒྱལ་མཚམས་གཏན་འཁེལ་བྱེད་དགོས་ཟེར། 

གལ་ཏེ་རྒྱལ་ཁབ་གཉིས་ཀྱིས་ས་དཀྱིལ་མཚོ་ཁོངས་ཀྱི་ཆེད་གཏོགས་དཔལ་འབྱོར་ས་ཁུལ་ནས་རང་བྱུང་ཐོན་ཁུངས་རྙེད་ན། ཕྱོགས་གཉིས་ཀྱིས་རང་བྱུང་ཐོན་ཁུངས་དེ་དག་ཇི་ལྟར་བེད་སྤྱོད་བྱེད་པའི་གྲོས་མཐུན་གསར་བ་འགོད་དགོས་པ་དང་། རྩོད་གླེང་ཡོད་པའི་གནད་དོན་གང་ཡིན་ཡང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར། 

ཟླ་འདིའི་ཚེས་དྲུག་ཉིན། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཏིས་ཏིས་ཡཱ་སི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་གི་རྒྱལ་མཚམས་ཀྱི་གྲོས་མཐུན་དེ་བཀོད་པ་རེད། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་དང་ཞི་ལཱ་ཡིས་བཀོད་པའི་མཚོ་ཐོག་གི་རྒྱལ་མཚམས་ཀྱི་གྲོས་མཐུན་དེ་ནུས་ལྡན་མིན་པ་དང་། གྲོས་མཐུན་དེར་འབྲེལ་བའི་ས་ཁོངས་ནི་ཐུར་ཁེའི་སྐམ་སའི་ཁོངས་སུ་གནས་ཡོད་ཟེར། ཐུར་ཁེ་ཡིས་ས་ཁུལ་དེར་བྱ་འགུལ་གང་རུང་སྤེལ་བར་ཆོག་མཆན་འགོད་མི་སྲིད་ཟེར། དེའི་རྗེས་སུ་ཐུར་ཁེ་ཡིས་རྩོད་གཞིར་གྱུར་བའི་མཚོ་ཁོངས་སུ་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་བྱེད་པར་ཤུགས་སྣོན་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།