ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་མཱ་ལི་ནས་བྱུང་བའི་དམག་དོན་སྲིད་འགྱུར་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། མྱུར་དུ་མཱ་ལིའི་རྩ་ཁྲིམས་སྒྲིག་ལམ་དང་ཁྲིམས་སྐྱོང་སླར་གསོ་བྱས་ཏེ། ཆ་རྐྱེན་ཅི་ཡང་མེད་པར་ཙུང་ཐུང་ཁའེ་ཐཱ་དང་དེའི་ནེ་ཀིའི་ཁོངས་མི་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ལིའི་གནས་བབ་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན་པར་མ་ཟད། མཱ་ལིའི་མི་རྣམས་ཀྱིས་རྒྱལ་ཁབ་རང་གི་དམངས་གཙོའི་སྒྲིག་ལུགས་ཆ་ཚང་བར་སྲུང་སྐྱོབ་བྱེད་པ་དང་། ཞོར་དུ་གྲོས་མོལ་ལ་བརྟེན་ནས་ཞི་བའི་སྒོ་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཤུགས་ཆེན་པོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་ཞི་བའི་སྒོ་ནས་མིག་སྔའི་མཱ་ལིའི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། དེ་མིན་ཁོའི་དམིགས་བསལ་འཐུས་མིས་བར་འདུམ་བྱེད་དུ་འཇུག་རྒྱུ་ཡིན་ཟེར། ཁོས་ཁེ་ཕན་གྱི་འབྲེལ་ཕྱོགས་སོ་སོ་དང་། ཁྱད་པར་དུ་མཱ་ལིའི་རྒྱལ་སྲུང་དང་བདེ་འཇགས་དམག་དཔུང་གིས་རང་ཚོད་བཟུང་ནས། ཧུར་ཐག་སྒོས་མཱ་ལིའི་མིའི་འགྲོ་མིའི་ཐོབ་ཐང་དང་མི་སྒེར་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་།
གཞན་ཡང་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཧྥ་རན་སི་ཡིས་མཱ་ལིའི་དམག་མིའི་སྲིད་འགྱུར་ལ་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད་དོན་དེར་རྒོལ་གཏམ་དྲག་པོ་བཏང་། ལེ་ཏི་ལི་ཨང་གིས་བསྟན་དོན། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་གསལ་སྒྲོག་ནང་བརྗོད་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱེད་བཞིན་ཡོད། གསལ་སྒྲོག་ལས་རྩ་ཁྲིམས་སྒྲིག་ལམ་ལ་སྲུང་སྐྱོབ་དང་དམག་མི་དག་མྱུར་མོར་ཕྱིར་དམག་སྒར་དུ་ལོག་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར། མཱ་ལིའི་རྒྱལ་ས་པཱ་མཱ་ཁི་དང་བར་ཐག་སྤྱི་ལེ་བཅོ་ལྔ་ཡོད་པའི་ཁུའུ་ལེ་ཁི་ལོ་ས་ཁུལ་གྱི་ཁཱ་ཏིས་གྲོང་རྡལ་གྱི་དམག་སྒར་ཞིག་ནས་སྲིད་འགྱུར་བྱུང་། སྲིད་འགྱུར་བསླངས་པའི་དམག་མིས་མཱ་ལིའི་ཙུང་ཐུང་ཁའེ་ཐཱ་དང་ཙུང་ལི་སེ་ཞི་གཉིས་འཛིན་བཟུང་བྱས་ནས་དམག་སྒར་དུ་ཁྲིད། ཁའེ་ཐཱ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མར་མཱ་ལིའི་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། ཁོས་མྱུར་དུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། ཞོར་དུ་མཱ་ལིའི་རྒྱལ་དམངས་གྲོས་ཁང་དང་སྲིད་གཞུང་གཏོར་རྒྱུ་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་ལྷོ་མ། ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མཱ་ལི་ནས་དམག་དོན་སྲིད་འགྱུར་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།