ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་མགོ་ཁྲིད་ནུས་པར་གདེང་འཇོག་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ཁའེ་ཙི་ཡིས་ཚེས་བཅུ་བཞིའི་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་ཚན་ཆུང་ཨ་ཧྥེ་རི་ཁ་གླིང་དུ་འབྱོར་བར་དགའ་བསུ་བྱེད་པའི་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཐབ་རྩོད་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མུ་མཐུད་དུ་ཤུགས་ཆེན་པོས་རྩ་འཛུགས་དེའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

མུའུ་ཁའེ་ཙི་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགོ་ཁྲིད་འོག འཛམ་གླིང་གི་རྒྱལ་ཁབ་སོ་སོས་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལོག་ལམ་དུ་མི་འགྲོ་བའི་ཐད་ནས་ཕན་འབྲས་སྔར་ལས་མང་བོ་བླངས་ཡོད། རྒྱལ་ཁབ་རེ་འགའ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྐྱོན་འཛུགས་བྱས་ཏེ་མྱུར་མཁོའི་མ་དངུལ་ཕྱིར་འཐེན་བྱས་ཀྱང་། རྩ་འཛུགས་དེས་སྔར་བཞིན་རྒྱལ་ཁབ་སོ་སོའི་རིམས་འགོག་ཐད་རོགས་རམ་བྱེད་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མས་བྲེལ་མྱུར་རོགས་སྐྱོར་གྱི་རེ་ཞུ་བྱས་མ་ཐག་ཐེ་ཚོམས་ཅི་ཡང་མེད་པར་ཕྱོགས་མང་བོ་ནས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཨ་ཧྥེ་རི་ཁ་ལྷོ་མས་རིམས་ནད་འགོག་བཅོས་བྱེད་པའི་ནུས་པ་ཇེ་མཐོར་བཏང་། ཨ་ཧྥེ་རི་ཁ་ལྷོ་མ་དང་རྒྱལ་ཁབ་མང་བོའི་ཉམས་མྱོང་ལས་མངོན་པ་ལྟར་ན། ཁྱབ་ཁོངས་མང་བོའི་མཉམ་ལས་བྱས་ན་ད་གཟོད་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱས་ནས། རིམས་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་པའི་དམངས་འཚོ་སླར་གསོ་བྱེད་ཐུབ་ཟེར། 

མུའུ་ཁའེ་ཙི་ཡིས་ད་རུང་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མའི་རིམས་ནད་གནས་ཚུལ་ཉེ་སྔོན་ཅུང་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། ཉིན་རེར་གསར་དུ་བྱུང་བའི་ནད་པའི་ཁ་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ཀྱང་། རིམས་འགོག་གནས་བབ་སྔར་བཞིན་ཛ་དྲག་ཡིན་ལ། རིམས་ནད་ཡང་བསྐྱར་འབྱུང་བའི་ཉེན་ཁ་སྔར་བཞིན་གནས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆེད་མཁས་ཚན་ཆུང་མངག་ནས་ཨ་ཧྥེ་རི་ཁ་ལྷོ་མར་དུས་ལྟར་རོགས་སྐྱོར་བྱས་པས། ཆེད་མཁས་ཚན་ཆུང་གི་མཛུབ་སྟོན་འོག ཨ་ཧྥེ་རི་ཁ་ལྷོ་མའི་རིམས་འགོག་བྱ་བར་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པར་ཡིད་ཆེས་ཡོད་ཟེར། 

ཉིན་དེར་ཨ་ཧྥེ་རི་ཁ་ལྷོ་མར་འབྱོར་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་ཚན་ཆུང་དེ་མི་བཅུ་དྲུག་གིས་གྲུབ་ཡོད། མུའུ་ཁའེ་ཙི་ཡིས་བཤད་རྒྱུར། ཚན་ཆུང་དེའི་ཁོངས་མི་རྗེས་ཕྱོགས་མི་ཞེ་གསུམ་དུ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། ཁོ་ཚོ་སུའུ་ཏན་ལྷོ་མའི་ས་ཁུལ་སོ་སོར་སོང་ནས་རིམས་འགོག་བྱ་བར་ཡུལ་དངོས་ནས་མཛུབ་སྟོན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།