དབྱི་རག་གི་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་པཱ་ཀི་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། པཱ་ཀི་ཏཱའི་ལྷོ་ནུབ་ཕྱོགས་ནས་གཏོང་འཕེན་བྱས་པའི་ཁཱ་ཁྱིག་ཧྲ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་གསུམ་ཉིན་དེའི་དགོང་མོར་པཱ་ཀི་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཐའ་མཚམས་སུ་ལྷུང་ནས། ས་ཁོངས་དེར་གཏོར་བརླག་ཅུང་ཙམ་ཐེབས་ཡོད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར། མེ་ཤུགས་འཕུར་མདའ་ཕོག་པའི་ས་ཁོངས་དེ་དམག་དོན་རྟེན་གཞི་ཞིག་གི་ཉེ་སར་ཡོད། དམག་དོན་རྟེན་གཞི་དེར་དབྱི་རག་གི་བདེ་འཇགས་དམག་དཔུང་ལ་སྦྱོང་བརྡར་བྱེད་པའི་འགན་ཁུར་བའི་ཨ་མེ་རི་ཁའི་དམག་དོན་བློ་འདོན་པ་བསྡད་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།