ཕཱ་ཁི་སི་ཐན་གྱིས་བྱ་འགུལ་སྤེལ་ནས་རང་བཙན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱིས་ཚེས་བཅུ་བཞིའི་ཉིན་བྱ་འགུལ་གཟབ་རྒྱས་སྤེལ་ཏེ། རྒྱལ་ཁབ་དེའི་རང་བཙན་ཉིན་མོ་ཐེངས་དོན་བཞི་བར་དགའ་སྟོན་རྟེན་འབྲེལ་ཞུས། 

རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་རྒྱལ་དར་བསྒྲེངས་པའི་མཛད་སྒོའི་སྟེང་། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་ཕཱ་ཁི་སི་ཐན་ནང་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་སོགས་ལས་བླངས་པའི་གྲུབ་འབྲས་ཐད་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཕཱ་ཁི་སི་ཐན་ཉེ་བའི་ལོ་འགའི་རིང་ལ་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལས་རྣམ་པར་རྒྱལ་ནས། འཛམ་གླིང་སྟེང་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་བཏང་བའི་མིག་དཔེ་རུ་གྱུར་ཡོད་ཟེར། 

ཁོས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་སྐབས། ཕཱ་ཁི་སི་ཐན་མི་དམངས་ཀྱིས་སྔ་ན་མེད་པའི་རང་གཅུན་གྱི་རྣམ་འགྱུར་མངོན་པ་དང་། རིམས་འགོག་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་པས། རྒྱལ་ཁབ་རང་གི་པྲོག་གསར་གློ་ཚད་བྱུང་བའི་ནད་པའི་ཁ་གྲངས་ལ་ཚོད་འཛིན་ངེས་ཅན་ཐེབས། 

ཨ་ཧྥུའུ་ཧན་གནད་དོན་ཐད་ནས་ཨ་ཨར་ཝེ་ཡིས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ལོ་མང་བོར་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་ས་ཡ་འགའ་དང་ལེན་བྱས་ཡོད་ལ། ཨ་ཧྥུའུ་ཧན་གྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱས་ན་ཕཱ་ལེ་སི་ཐན་ནི་ཁེ་ཕན་མྱོང་མཁན་གཉིས་པར་འགྱུར་སྲིད་པ་དང་། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་བདེ་བླག་ངང་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར། 

ཨ་ཨར་ཝེ་ཡིས་བསྟན་དོན། འཛུགས་སྐྲུན་བྱེད་བཞིན་པའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་ཕཱ་ཁི་སི་ཐན་གྱི་སྤྱི་ཚོགས་འཕེལ་རྒྱས་འབྱུང་བ་དང་དབུལ་ཕོངས་ལས་ཐར་བར་རོགས་རམ་ཐུབ་པ་དང་། རྒྱལ་ཁབ་རང་གི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་བར་གྱི་ཉོ་ཚོང་འཕར་སྣོན་འབྱུང་བར་ཕན་ཐོགས་ཡོད་ལ། ས་ཁུལ་རང་གི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པར་ཡང་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།