ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ཕྱི་འབྲེལ་བློན་ཆེན་གྱིས་ནུས་ཁུངས་གདམ་གསེས་ནི་བདག་དབང་དང་ཁེ་དབང་ཡིན་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ནུས་ཁུངས་མཁོ་འདོན་མཁན་གདམ་གསེས་བྱེད་པ་ནི་འཇར་མན་གྱི་བདག་དབང་དང་ཁེ་དབང་ཡིན་པས། རྒྱལ་ཁབ་གཞན་པས་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ཟེར། 

མཱ་སི་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཐུག་འཕྲད་བྱས་པ་དང་། ཐུག་འཕྲད་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། 

འཇར་མན་དང་ཨུ་རུ་སིའི་བར་གྱི་ནུས་ཁུངས་མཉམ་ལས་ལ་ཐེངས་མང་བོར་ཨ་མེ་རི་ཁའི་སྐྱོན་བརྗོད་ཐེབས། གྲོས་གཞི་དེའི་ཐད་ནས་མཱ་སི་ཡིས་བཤད་རྒྱུར། གྲོགས་པོའི་རྒྱལ་ཁབ་ལ་བཀག་སྡོམ་བྱེད་པ་ནི་ནོར་འཆུག་གི་ལམ་དུ་ཞུགས་པ་རེད་ཟེར། 

ཁོས་བཤད་རྒྱུར། མཇུག་མཐར་གནས་གང་ནས་ནུས་ཁུངས་ཐོབ་པར་བྱེད་པ་དེ་ནི་སྔར་བཞིན་ང་ཚོའི་བདག་དབང་གི་ཆོད་དོན་ཡིན་ལ། རྒྱལ་ཁབ་གང་རུང་གིས་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་ཡོ་རོབ་གླིང་གི་ནུས་ཁུངས་སྲིད་ཇུས་ཐག་གཅོད་བྱེད་པའི་དབང་ཆ་མེད་པ་དང་། དེར་ལེགས་འགྲུབ་འབྱུང་མི་སྲིད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་འཇར་མན་དང་ཨུ་རུ་སིའི་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་བར་སྐྱོན་བརྗོད་བྱས། རྒྱུ་མཚན་གཙོ་བོ་ནི་འཇར་མན་གྱིས་ཡོ་རོབ་གླིང་དང་ཨུ་རུ་སིས་མཉམ་ལས་བྱས་ཏེ་རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱས་ནས་ཡོ་རོབ་གླིང་གི་མ་འོངས་པའི་ནུས་ཁངས་མཁོ་འདོན་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱས་པས་རེད། 

ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཐེངས་གཅིག་མིན་པར་བཀག་སྡོམ་འཇིགས་སྐུལ་བྱས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་སྔོན་མར་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ལས་གཞི་དེར་ཞུགས་མཁན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སི་ཡིས་བལྟས་ན། ཨ་མེ་རི་ཁའི་བཀག་སྡོམ་གྱི་དམིགས་ཡུལ་ངོ་མ་ནི་ཨ་མེ་རི་ཁའི་རང་བྱུང་སོལ་རླངས་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།