ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ས་དེར་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་སྐོར་ཐེངས་བཅོ་བརྒྱད་པ་དང་སྨན་བཅོས་ཡན་ལག་རུ་ཁག་གིས་ཚེས་བཅུ་ཉིན་བཅའ་སྡོད་བྱེད་ས་མཱ་ཅཱ་ཡུང་ས་གནས་སྲིད་གཞུང་ལ་སྨན་བཅོས་དངོས་རྫས་སྐོར་ཞིག་ཞལ་འདེབས་སུ་ཕུལ། 

ཉིན་དེར་ཞལ་འདེབས་འབུལ་བའི་མཛད་སྒོ་མགོ་མ་བརྩམས་གོང་། མཱ་ཅཱ་ཡུང་གྲོང་ཁྱེར་གྱི་ཧྲི་ཀྲང་ཧུའུ་ལཱ་ནེ་ཡིས་གྲོང་ཁྱེར་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོ་ཁྲིད་དེ་གྲོང་སྲིད་ཚོམས་ཁང་ཆེན་མོ་ནས་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་གཙོ་ལིས་རོའུ་ཀྲིན་སོགས་ལ་ཐུག་འཕྲད་བྱས། ཧུའུ་ལཱ་ནེ་ཡིས་ཀྲུང་གོའི་སྲིད་གཞུང་གིས་ལེ་པཱ་ནུན་ལ་ནམ་རྒྱུན་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ས་གནས་རང་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུས། 

ཧྲི་ཀྲང་གཞོན་པ་ཀི་མུས་ཡེ་ཡིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་སྨན་བཅོས་ཡན་ལག་རུ་ཁག་གིས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རིམས་ནད་མ་བྱུང་བའི་ཡར་སྔོན་དུ་ཁྱོད་ཚོས་གནས་འདི་ནས་འོས་འགན་ནད་བརྟག་དང་ཞལ་འདེབས་འབུལ་བའི་བྱ་འགུལ་ཐེངས་མང་སྤེལ་མྱོང་། ངས་ལྷག་བསམ་རྣམ་དག་གིས་ཁྱོད་ཚོའི་བྱས་རྗེས་ལ་བཀའ་དྲིན་ཞུ་བཞིན་ཡོད། ཁྱོད་ཚོར་གོ་སྐབས་ཡོད་ན་ཡང་བསྐྱར་ལེ་པཱ་ནུན་དུ་ཡོང་བར་རེ་བ་བྱས་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཞལ་འདེབས་སུ་ཕུལ་བའི་སྨན་བཅོས་དངོས་རྫས་ནི་གཙོ་བོ་ཕྱི་བཀོལ་གྱི་སྨན་དང་འགོག་སྲུང་རང་བཞིན་གྱི་སྨན་རྫས། དཔྱད་ཆས་རེ་སོགས་འདུས་ཡོད་ལ། བསྡོམས་པས་སྨན་རྫས་རིགས་སྣ་ཉེར་གཉིས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།