ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་གཞིས་སྡོད་མི་དམངས་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་དྲུག་གི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པས། རྒྱལ་ཁབ་སོ་སོས་ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་བྱས་ཏེ། རིམས་ནད་ཀྱིས་གཞིས་སྡོད་མི་དམངས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་དགོས་ཟེར།
ལོ་རེའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་ནི་འཛམ་གླིང་གཞིས་སྡོད་མི་དམངས་ཀྱི་རྒྱལ་སྤྱིའི་ཉིན་མོ་ཡིན་པ་རེད། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་རྒྱུས་ལ་ཞིབ་ལྟ་བྱས་ན་ས་གནས་གཞན་པ་ནས་འགོས་པའི་རིམས་ནད་ལས་ནད་འགོག་ནུས་པ་ཅི་ཡང་མེད་པའི་གཞིས་སྡོད་མི་དམངས་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད། རྒྱལ་ཁབ་སོ་སོས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་གཞིས་སྡོད་མི་དམངས་ཀྱི་དགོས་མཁོ་བསྐང་བ་དང་། ཁོ་ཚོའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱེད་དགོས་པར་མ་ཟད། དེའི་འཕྲོག་ཏུ་མི་རུང་བའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་མ་བྱུང་གོང་། གཞིས་སྡོད་མི་དམངས་དག་འདྲ་མཉམ་མིན་པ་དང་མཐོང་ཆུང་བྱེད་པའི་སྣང་ཚུལ་ལ་འཕྲད་ཡོད། རིམས་ནད་བྱུང་བའི་རྗེས་སུ་ཚད་ཡོད་པའི་སྨན་བཅོས་བདེ་སྲུང་དང་དག་གཙང་འཐུང་ཆུ། འཕྲོད་བསྟེན་སྒྲིག་ཆས་ཆ་རྐྱེན་སོགས་ལས་ཁོ་ཚོའི་ཡ་ང་བའི་འཚོ་སྡོད་ཁོར་ཡུག་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། གཞིས་སྡོད་མི་དམངས་ཀྱིས་གཙོ་བོ་སྲོལ་རྒྱུན་གྱི་ལས་ཀ་གཉེར་ནས་རང་ཁ་རང་གསོའི་དཔལ་འབྱོར་བྱ་འགུལ་སྤེལ་བ་དང་། ཡང་ནང་ཚད་ལྡན་མིན་པའི་སྡེ་ཁག་ཏུ་བྱ་བ་བྱེད་བཞིན་ཡོད། དེ་དག་ལ་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཡོད། དེ་ལས་གཞན་རིམས་ནད་ཀྱི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ཇེ་ལྷོད་དུ་སོང་བས། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་དང་སྡོང་བོ་གཅོད་པ་སོགས་ཀྱི་བྱ་འགུལ་ལས་གཞིས་སྡོད་མི་དམངས་དག་དྲག་ཤུགས་མྱོང་མཁན་དུ་གྱུར་ཡོད་ལ། མི་མང་བོ་ཞིག་དེའི་དབང་གིས་ཚེ་སྲོག་ཤོར་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། གཞིས་སྡོད་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་དང་འཐབ་ཇུས་སླར་གསོའི་ནང་དུ་གཞིས་སྡོད་མི་དམངས་ཚུད་པར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞིས་སྡོད་མི་དམངས་ཀྱི་ཁེ་དབང་བསྒྲགས་གཏམ་མངོན་འགྱུར་བྱེད་པ་དང་། གཞིས་སྡོད་མི་དམངས་ཀྱི་སྲོལ་རྒྱུན་སླར་གསོའི་ནུས་པ་ཇེ་དྲག་ཏུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་གཞིས་སྡོད་མི་དམངས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན།