ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དཔོན་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཁྱབ་སྒྲོག་བྱས་པའི་གནས་ཚུལ་གསར་བ་ལྟར་ན། ཚེས་བདུན་ཉིན་གྱི་དགོང་མོར་བྱུང་བའི་རྒྱ་གར་གྱི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བཅོ་བརྒྱད་ལ་བསླེབ་པ་དང་། རྨས་མའི་ཁྲོད་མི་བཅུ་དྲུག་གི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན། རྒྱ་གར་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གི་རྟོག་ཞིབ་ཚན་ཆུང་གཉིས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྒྱ་གར་མཁའ་འགྲུལ་མྱུར་སྐྱེལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བདུན་ཉིན་གྱི་དགོང་མོར་རྒྱ་གར་ལྷོ་ཕྱོགས་ཀྱི་ཁཱ་ལཱ་ལཱ་པང་གི་ཁཱ་ལེ་ཁཱ་ཐི་གནམ་གྲུ་ཐང་དུ་འབབ་སྐབས་རྒྱུག་ལམ་ལས་བརྒལ་ནས་གྲོག་རོང་ཟབ་མོ་ཞིག་ཏུ་ལྷུང་ཡང་སྟབས་ལེགས་པ་ཞིག་ལ་མེ་སྐྱོན་བྱུང་མི་འདུག

རྒྱ་གར་དམངས་སྤྱོད་མཁའ་འགྲུལ་གྱི་པུའུ་ཀྲང་ཕུའུ་ལི་ཡིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གནམ་གྲུའི་ཁ་ལོ་བ་གཉིས་དང་བཅས་པའི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཉེར་བདུན་ལ་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། རྨས་མ་གཞན་པ་དག་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར། ཁོས་ད་རུང་ཐེངས་འདིའི་གནམ་གྲུའི་སྟེང་བསྡོམས་པས་མི་བརྒྱ་དང་དགུ་བཅུ་ཡོད་པ་དང་། དེའི་ནང་འགྲུལ་བ་བརྒྱ་དང་གྱ་བཞི་ཡོད་ལ། གནམ་གྲུའི་སྟེང་གི་ལས་བྱེད་པ་བཞི་དང་། གནམ་གྲུའི་ཁ་ལོ་བ་གཉིས་བཅས་ཡོད་ཟེར། ཕུའུ་ལི་ཡིས་བཅར་འདྲི་བྱེད་སྐབས་ད་རུང་བཤད་རྒྱུར། གནམ་གྲུ་སར་འབབ་སྐབས་དྲག་ཆར་འབབ་བཞིན་ཡོད་པས། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རྒྱུག་ལམ་འགྱེད་པ་ལས་བྱུང་བ་ཡིན་ངེས་རེད་ཟེར། 

བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། གནམ་གྲུའི་སྟེང་གི་གཞི་གྲངས་སྒམ་ཆུང་རྙེད་ཡོད་པ་དང་། རྟོག་ཞིབ་སྡེ་ཁག་གིས་གཞི་གྲངས་སྒམ་ཆུང་དེ་འཇར་མན་དུ་ཁྱེར་ནས་འཕུར་སྐྱོད་གཞི་གྲངས་ཟིན་ཐོ་དང་ཁ་ལོ་བྱེད་སའི་ཁ་བརྡའི་སྒྲ་སོགས་སླར་གསོ་བྱས་ནས་དོན་རྐྱེན་དེའི་འབྱུང་རྐྱེན་གཏན་འཁེལ་གསལ་བོ་བྱེད་རྒྱུ་ཡིན་པ་རེད། 

རྒྱ་གར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཀྲུང་གོའི་སྤྱི་དམངས་ལ་ཐེངས་འདིའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་མེད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།