ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞི་ཡིས་ཀྲུང་གོ་དང་ལི་ཡའོ་ཡི་མཛའ་མཐུན་ཉིན་མོའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཚེས་བདུན་ཉིན་དྲ་ཐོག་ནས་སྤེལ། ཀྲུང་གོ་དང་པཱ་ཞིའི་ལས་རིགས་སོ་སོའི་མི་སྣས་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། མཛའ་བརྩེ་ལྷུག་པོར་བརྗོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་པཱ་ཞིའི་མཛའ་མཐུན་འགྲོ་འོང་ལ་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་བསམ་ཚུལ་བསྟན།
ལི་ཡའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་དཔོན་པོ་ལིས་དབྱང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་པཱ་ཞིའི་བར་ཐག་ལེ་དབར་ཁྲི་ཡིས་ཆོད་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་ལོ་རྒྱུས་རིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་དྲུག་འགོར་བའི་རིང་ལ། ཀྲུང་གོ་དང་པཱ་ཞིའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་སོང་ཡོད་ལ། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ནས། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད་ཟེར།
ཁོས་བཤད་རྒྱུར། རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་འདེགས་བྱས། ཀྲུང་གོའི་སྲིད་གཞུང་གིས་པཱ་ཞིའི་སྲིད་གཞུང་དང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་ལི་ཡའོ་སོགས་པཱ་ཞིའི་ཀྲིག་དང་གྲོང་ཁྱེར་སོ་སོར་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་བར་མ་ཟད། སྨན་བཅོས་སྒྲིག་ཆས་ཉོ་སྡུད་བྱེད་པར་རོགས་རམ་བྱས། ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་ལི་ཡའོ་སོགས་ཀྲིག་དང་གྲོང་ཁྱེར་བར་གྱི་རིམས་འགོག་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་རེད།
མཛའ་མཐུན་ཉིན་མོའི་གྲོས་འདོན་མཁན། ལི་ཡའོ་ཀྲིག་གི་གྲོས་མི་ཐུའུ་ཐུའ་ཁཱ་ཡིས་བསྟན་དོན། རྗེས་དྲན་ཉིན་མོ་དེ་ནི་པཱ་ཞི་དང་ཀྲུང་གོའི་མཛའ་མཐུན་གྱི་མཚོན་རྟགས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བས་དགའ་སྟོན་བྱེད་པའི་རིན་ཐང་ཡོད། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རིམས་འགོག་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སྲིད་གཞུང་ནས་པཱ་ཞི་རུ་ཡོད་པའི་ཀྲུང་གོ་བའི་བར་མི་ཚང་མས་པཱ་ཞིའི་ཕྱོགས་ལ་རོགས་རམ་ཆེན་པོ་བྱས་ཡོད། པཱ་ཞི་ཕྱོགས་ཀྱིས་དོན་དེར་བཀའ་དྲིན་ཞུ་བཞིན་ཡོད་ལ། པཱ་ཞི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཡོད་ཟེར།
ཕྱི་སྡོད་རང་མི་དང་པཱ་ཞིའི་མཛའ་མཐུན་མི་སྣ་བརྒྱ་ཙམ་བྱ་འགུལ་ལ་ཞུགས་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
པཱ་ཞི་ཡིས་ཀྲུང་གོ་དང་ལི་ཡའོ་ཡི་མཛའ་མཐུན་ཉིན་མོའི་དྲ་ཐོག་གི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།