ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བདུན་ཉིན་དུས་བཅད་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་འཕེལ་རིམ་དང་ཨུ་རུ་སིའི་སྤྱི་དམངས་སོ་གསུམ་ཨུ་རུ་སི་དཀར་པོ་ནས་འཛིན་བཟུང་བྱས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་འཕེལ་རིམ་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཁ་པར་བརྒྱུད་དེ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་སྤུན་ཟླའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་ཕྱོགས་གསུམ་པའི་སྟོབས་ཤུགས་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་སྲིད་པའི་བྱ་སྤྱོད་ངན་པར་བཀག་འགོག་བྱེད་དགོས་པའི་ཚུལ་བསྟན།
ཕུའུ་ཅིན་གྱིས་ད་རུང་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོས་གཏན་འཇགས་ཀྱི་རྒྱལ་ནང་གི་ཆབ་སྲིད་གནས་བབ་སྲུང་འཛིན་བྱེད་པ་དང་། གཏན་འཇགས་ཀྱི་གནས་བབ་ཁྲོད་མི་འགྱངས་པར་ཐོན་ལ་ཉེ་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།
ཁ་པར་གྲོས་མོལ་གྱི་གླེང་གཞི་གཞན་ཞིག་ནི་ཨུ་རུ་སིའི་སྤྱི་དམངས་སོ་གསུམ་ཨུ་རུ་སི་དཀར་པོ་ནས་འཛིན་བཟུང་བྱས་པའི་དོན་དེ་རེད།
ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཆེས་གཟབ་ནན་གྱི་བྱེད་ཐབས་ཀྱིས་གནས་ཚུལ་གསལ་བོར་རྩད་ཞིབ་བྱེད་པ་དང་། ཚད་ཆེན་པོའི་སྒོ་ནས་ཞིབ་ཚགས་སུ་གཏན་འཁེལ་བྱས་པའི་ལས་དོན་རེ་རེར་ཞིབ་འཇུག་བྱས་ཏེ། མིག་སྔའི་གནས་བབ་བསྐྱེད་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་གཏན་འཁེལ་བྱེད་པ་དང་། དོན་རྐྱེན་བཟོ་མཁན་བཙལ་ནས་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཚམ་ཞིང་ཕན་ཚུན་བཟོད་སྒོམ་བྱེད་པའི་སྙིང་སྟོབས་སྲུང་འཛིན་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཨུ་རུ་སིའི་སྤྱི་དམངས་ཨུ་རུ་སི་དཀར་པོ་ནས་འཛིན་བཟུང་བྱས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།