ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་བཅུ་བདུན་བསད་ཟེར།
སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་པུའུ་ཏུ་ལཱ་ཞེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཚེས་ལྔ་ཉིན་སྲིད་གཞུང་དམག་དཔུང་གི་ལྷོ་ཕྱོགས་ཀྱི་པེད་ཏའོ་ཨ་གྲོང་ཁྱེར་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་རྒོལ་ལན་སྤྲད་ནས་དྲག་ཆས་ཉེས་ཅན་བཅུ་བདུན་བསད་པ་དང་མི་ཉེར་གསུམ་ལ་རྨས་ཕོག་ཟེར། ཞོར་དུ་སྲིད་གཞུང་དམག་དཔུང་གི་མི་བཞིར་ཐེངས་འདིའི་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ལ། དེའི་ནང་དམག་དཔོན་ཞིག་ཀྱང་ཡོད་ཟེར།
ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་བར་འཁྲག་རྩོད་དྲག་པོ་བྱུང་བ་དང་། མི་སེར་དཀྱུས་མར་འཁྲུག་རྩོད་དེའི་ཁྲོད་ཤི་རྨས་ཐེབས་ཡོད་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་བདུན་བསད།