ཀྲུང་གོ་བོད་ཀྱི་དྲ་བ།

མོ་རོ་ཁོའི་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སོ་དྲུག་ལ་རྨས་སྐྱོན་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་རོ་ཁོའི་ལྷོ་རྒྱུད་གྲོང་ཁྱེར་ཨ་ཅ་ཏིའི་ཉེ་འགྲམ་དུ་ཚེས་བཞི་ཉིན་འགྲིམ་འགྲུལ་གྱི་དོན་རྐྱེན་ཞིག་བྱུང་བའི་ཁྲོད། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སོ་དྲུག་ལ་རྨས་སྐྱོན་ཕོག་ཡོད།

མོ་རོ་ཁོའི་གཞུང་ཕྱོགས་འཕྲིན་གཏོང་ཁང་གིས་ས་གནས་དེ་གའི་སྲིད་གཞུང་གི་གནས་ཚུལ་དྲངས་ནས་བཤད་པ་ལྟར་ན། མོ་ཙམ་པི་ལན་ཁ་ནས་ལྷོ་ཕྱོགས་སུ་སྐྱོད་པའི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཨ་ཅ་ཏིའི་ཉེ་འགྲམ་གྱི་རྒྱལ་ལམ་དུ་རླངས་འཁོར་མགོ་རྟིང་ལོག་པའི་དོན་རྐྱེན་བྱུང་བ་དང་། དེའི་ཁྲོད་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་སོ་དྲུག་ལ་རྨས་སྐྱོན་ཕོག་ཡོད། རྨས་མ་ས་གནས་དེ་གའི་སྨན་ཁང་དུ་བསྐྱལ་བ་དང་དེའི་ནང་མི་དྲུག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། འབྲེལ་ཡོད་སྡེ་ཁག་གིས་ལས་འཛོལ་གྱི་རྒྱུ་རྐྱེན་ལ་སྔར་ལས་ལྷག་པའི་སྒོ་ནས་བརྟག་དཔྱད་བྱེད་བཞིན་ཡོད།

མོ་རོ་ཁོའི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད་ཅུང་མཐོ། བསྡོམས་རྩིས་བྱས་པར་གཞིགས་ན། མོ་རོ་ཁོར་ལོ་རེར་མི་སྟོང་བཞི་ཙམ་རླངས་འཁོར་གྱི་དོན་རྐྱེན་ཁྲོད་ཚེ་ལས་འདས་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།