ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ནོར་ཝེའི་མྱུལ་ཞིབ་གནམ་གྲུ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཡིས་ཚེས་བཞི་ཉིན་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་ནོར་ཝེའི་མྱུལ་ཞིབ་གནམ་གྲུ་ཞིག་བཀག་འགོག་བྱས། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་པཱ་ལོན་ཀྲི་མཚོ་ཁོངས་ཀྱི་བར་སྣང་ནས་གནམ་གྲུ་ཞིག་ཨུ་རུ་སིའི་རྒྱལ་མཚམས་ཀྱི་ཉེ་སར་བགྲོད་བཞིན་པ་ཤེས། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་མྱུར་དུ་མུས་ཀི-31རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་མངག་ནས་དམིགས་འབེན་དེའི་ཉེ་སར་བཅར། བདེ་འཇགས་བར་ཐག་ནས་ངོས་འཛིན་དང་བཀག་འགོག་བྱས། གནམ་གྲུ་དེ་ནི་ནོར་ཝེའི་མཁའ་དམག་གི་ཁོངས་སུ་གཏོགས་པའི་གླག་རྒོད-20རྟགས་ཅན་གྱི་མྱུལ་ཞིབ་གནམ་གྲུ་ཞིག་ཡིན་པ་རེད་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་འཕུར་བསྐྱོད་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཁའ་ཁོངས་ཀྱི་བེད་སྤྱོད་སྒྲིག་སྲོལ་བརྩི་སྲུང་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།