ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་མཚོ་དམག་གིས་པའོ་ལོ་ཏི་མཚོ་ཁོངས་སུ་ཉིས་སྟོང་ཉི་ཤུ་ལོའི་རྒྱ་མཚོའི་ཕུབ་ཅེས་པའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་མཚོ་དམག་གིས་པའོ་ལོ་ཏི་མཚོ་ཁོངས་ནས་ཉིས་སྟོང་ཉི་ཤུ་ལོའི་རྒྱ་མཚོའི་ཕུབ་ཅེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་རིགས་སྣ་ཚོགས་ཀྱི་དམག་དོན་གྲུ་གཟིངས་སུམ་བཅུ་ལྷག་ཞུགས་ཡོད་པ་དང་། མཚོ་དམག་གི་བར་སྣང་དམག་དཔུང་དང་མཚོ་འགྲམ་འགོག་སྲུང་དམག་དཔུང་། མཁའ་སྲུང་དམག་དཔུང་། མཚོ་དམག་སྐམ་འཐབ་དམག་དཔུང་བཅས་ཀྱང་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་གྱི་དུས་རིམ་དང་པོར། ཨུ་རུ་སིའི་དམག་དོན་གྲུ་གཟིངས་ཀྱིས་རྒྱ་མཚོར་བསྐྱོད་པ་དང་ཆུ་འོག་གི་འགད་རྫས་གཏོར་བའི་ལས་འགན་ཡོངས་འགྲུབ་བྱས་པ་ད་ང། དེའི་རྗེས་སུ་པའོ་ལོ་ཏི་མཚོ་ཁོངས་ཀྱི་ངེས་གཏན་ས་ཁོངས་སུ་བཀོད་སྒྲིག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་མཁའ་སྲུང་དང་དཔུང་འཇུག ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ། འཐབ་རྩལ་གྱིས་སྐམ་སར་འབུད་པ་སོགས་རྣམ་གྲངས་མང་བོ་ལག་བསྟར་བྱེད་བཞིན་ཡོད། དམག་དོན་སྦྱོང་བརྡར་སྐབས་སུ། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་མཁའ་སྲུང་འཕུར་མདའ་དང་མེ་སྒྱོགས་གཏོང་འཕེན་བྱེད་པའི་ལས་འགན་ལག་བསྟར་བྱེད་རྒྱུ་རེད།  །

གསལ་སྒྲོག་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་མགོ་རྩོམ་པའི་དུས་ཚོད་དང་མཇུག་སྒྲིལ་བའི་དུས་ཚོད་གསལ་བོར་གླེང་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།