དབྱིན་ཇིའི་ཉོ་ཚོང་བློན་ཆེན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་རང་དབང་ཉོ་ཚོང་གྲོས་མོལ་ལ་ཡར་སྐུལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཤད་རྒྱུར། དབྱིན་ཇིའི་རྒྱལ་སྤྱིའི་ཉོ་ཚོང་བློན་ཆེན་ཐི་ལཱ་སི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ལའེ་ཐི་ཞི་ཙེ་སོགས་དཔོན་རིགས་དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་འཕེལ་རིམ་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར། 

ལའེ་ཐི་ཞི་ཙེ་ཡི་མགྲིན་ཚབ་པ་ཞིག་གིས་བདེན་དཔང་བྱས་དོན། ཐི་ལཱ་སི་ཡིས་ཚེས་གསུམ་དང་ཚེས་བཞི་ཉིན་ལའེ་ཐི་ཞི་ཙེ་དང་གྲོས་མོལ་བྱེད་རྒྱུ་རེད། ཨ་མེ་རི་ཁར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་གིས་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ཀྱི་དྲི་བར་ལན་བཏབ་མེད། 

ད་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས། དབྱིན་ཇི་ཡིས་རྒྱལ་ཁབ་མང་བོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཉོ་ཚོང་གྲོས་མོལ་བྱེད་པར་འབད་འབུངས་བྱས་པ་དང་། རང་དབང་ཉོ་ཚོང་གྲོས་ཆོད་འགོད་ཐུབ་པར་རེ་བས་ཁེངས་ཡོད། 

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱིན་ཇིའི་བར་གྱི་རང་དབང་ཉོ་ཚོང་གྲོས་མོལ་དེ་གྲོས་གཞི་གཙོ་བོར་འཛིན་དགོས། ཐི་ལཱ་སི་ཡིས་དེའི་སྔོན་བཤད་རྒྱུར། ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་གྲོས་མོལ་ལ་དུས་ཚོད་རེའུ་མིག་བཀོད་སྒྲིག་བྱས་མེད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱེད་པར་བར་ཆད་བཟོས་ཀྱང་། དབྱིན་ཇིའི་ཕྱོགས་ཀྱི་གྲོས་མོལ་མི་སྣས་བྱ་བའི་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར། 

ཐི་ལཱ་སི་ཡིས་ཟླ་དྲུག་པར་དབྱིན་ཇིའི་གྲོས་ཁང་ཞོལ་མའི་ཨུ་ཡོན་ལྷན་ཁང་ཞིག་ལ་བསྟན་དོན། ང་ཚོ་གྲོས་མཐུན་འགོད་པར་བྲེལ་ལངས་མི་དགོས་པ་དང་། ཆེས་མཇུག་མཐའི་དུས་ཀྱི་ཚད་བཟུང་མེད་པས། ང་ཚོས་རང་སྟེང་གི་ཁེ་ཕན་བརྩོན་ལེན་བྱེད་པའི་ཞོར་དུ་རང་སྟོབས་དྲག་པོ་སྲུང་འཛིན་བྱེད་དགོས་ཟེར། 

དབྱིན་ཇིའི་དངུལ་ལོར་དུས་སྐབས་ཚགས་པར་གྱིས་ཟླ་བདུན་པའི་ཟླ་མཇུག་ཏུ་བསྒྲགས་པ་ལྟར་ན། དབྱིན་ཇིའི་སྲིད་གཞུང་གིས་བལྟས་ན་པྲོག་གསར་གློ་ཚད་རིམས་ནད་ཀྱིས་གྲོས་མོལ་འཕེལ་རིམ་ལ་བར་ཆད་བཟོས་ཡོད་པར་འདོད་པ་དང་། ཨ་མེ་རི་ཁའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་ཙུང་ཐུང་འདེམ་བསྐོའི་ཡར་སྔོན་དུ་ཨ་མེ་རི་ཁའི་བར་རང་དབང་ཉོ་ཚོང་གྲོས་ཆོད་འགོད་ཐུབ་པའི་རེ་བ་བསྐྱུར་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།