ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལིས་སང་ལོའི་ཟླ་དྲུག་པར་སྔ་སྣུར་སྒོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་རག་གི་ཙུང་ལི་ཁ་ཏེ་མུས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྒྲགས་རྒྱུར། དེ་སྔོན་ཉིས་སྟོང་ཉི་ཤུ་ལོར་བསྡུ་རྒྱུར་ཐག་བཅད་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་དེ་སྔུན་ལ་བསྣུར་ནས་སང་ལོའི་ཟླ་དྲུག་པར་བསྡུ་རྒྱུ་ཡིན་ཟེར།

ཁ་ཏེ་མུས་ཀྱིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སྐབས་འདིའི་སྲིད་གཞུང་གི་ཆབ་སྲིད་འགན་འཁྲི་ཡིན་པའི་ཆ་ནས། ཁོས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་དྲུག་ཉིན་སྔ་སྣུར་སྒོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུའི་ཐག་བཅད་པ་ཡིན་ལ། སྲིད་གཞུང་གིས་འབད་བརྩོན་ཆེས་ཆེན་པོས་འདེམ་བསྐོ་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱེད་རྒྱུ་ཡིན། འདེམ་བསྐོ་དེ་རྒྱལ་སྤྱིའི་ལྟ་ཞིབ་པའི་ལྟ་རྟོག་འོག་ཏུ་བསྡུ་རྒྱུ་ཡིན་ལ། འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་རང་དབང་ཡོངས་སུ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་ལས་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཡ་ཉི་ནཱ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་རག་གིས་སྔ་སྣུར་སྒོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུ་བར་རྒྱབ་སྐྱོར་བྱས། མོས་དབྱི་རག་གི་སྲིད་གཞུང་དང་གྲོས་ཁང་། སྲིད་ཏང་། ཁེ་ཕན་དང་འབྲེལ་བའི་ཕྱོགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བར་ཁག་ཐེག་བྱས་ཏེ། རང་དབང་དང་དྲང་གཞག ཡིད་རྟོན་རུང་བ་བཅས་ཀྱི་འདེམ་བསྐོ་བསྡུ་འོས་ཞེས་བཤད།

དབྱི་རག་གི་བཅའ་ཁྲིམས་ལྟར་ན། ཙུང་ལིས་སྔ་སྣུར་སྒོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུ་ཡིན་པ་བསྒྲགས་རྗེས། ཐག་གཅོད་དེར་ད་དུང་རྒྱལ་དམངས་གྲོས་ཁང་གིས་ཆོག་མཆན་འགོད་དགོས།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་པ་ནས་བཟུང་། དབྱི་རག་གི་ས་ཆ་མང་པོ་ནས་རྔམ་སྟོན་བྱ་འགུལ་སྤེལ། རྔམ་སྟོན་པས་སྲིད་གཞུང་རུལ་སུངས་སུ་གྱུར་པ་དང་། ཞབས་ཞུ་ལ་ནུས་པ་མེད་པ། ལས་ཤོར་གྱི་ཚད་མཐོ་བ་བཅས་ལ་ངོ་རྒོལ་བྱས་པར་མ་ཟད། སྔ་སྣུར་སྒོས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུ་དགོས་པའི་འབོད་སྐུལ་བཏོན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། དབྱི་རག་རྒྱལ་དམངས་གྲོས་ཁང་གིས་སྐབས་དེའི་ཙུང་ལི་མད་ཧི་ཏེ་ཡིས་འགན་ཁུར་མཚམས་འཇོག་པར་ཆོག་མཆན་བཀོད། དེའི་རྗེས་སུ་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་དུ་རྩོད་གཞི་ཅུང་ཆེ་བས། སྐབས་གསར་པའི་སྲིད་གཞུང་བདམས་ཐོན་བྱུང་མེད། ད་ལོའི་ཟླ་ལྔ་པའི་ཚེས་བདུན་ཉིན། རྒྱལ་དམངས་གྲོས་ཁང་གིས་དམིགས་བསལ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་འདེམ་ཤོག་འཕངས་ཏེ་ཁ་ཏེ་མུས་ཀྱིས་སྤྲད་སྲིད་གཞུང་མི་སྣའི་མིང་ཐོའི་ཁྲོད་ཀྱི་གདམ་མི་མང་ཆེ་ཤོས་ལ་འཐད་པ་བྱུང་བ་དང་། ཁ་ཏེ་མུས་ཀྱིས་དབྱི་རག་གི་ཙུང་ལི་གསར་པའི་འགན་འཁུར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།