ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་དམར་མཆོད་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་དམར་མཆོད་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས། 

ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཨ་ཧྥུའུ་ཧན་གྱི་མི་གཙོར་བྱེད་ཅིང་ཨ་ཧྥུའུ་ཧན་གྱི་མིར་དབང་བའི་ཞི་བདེའི་འཕེལ་རིམ་ནང་ཧུར་ཐག་སྒོས་ཞུགས་དགོས་པའི་སྐུལ་མ་བཏང་། ཞི་བའི་བྱེད་ཐབས་ཀྱིས་ད་གཟོད་ཨ་ཧྥུའུ་ཧན་གྱི་དཀའ་སྡུག་མཇུག་སྒྲིལ་ཐུབ་ཟེར། ཀུའུ་ཐི་ལོས་སི་ཡིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་ཆེད་ཨ་ཧྥུའུ་ཧན་གྱི་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་དགོས་གལ་རང་བཞིན་བསྐྱར་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེར་རོགས་རམ་གང་རུང་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཐཱ་ལེ་པན་གྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ནས་ཟླ་བརྒྱད་པའི་ཚེས་གཉིས་ཉིན་བར་ཨ་ཧྥུའུ་ཧན་གྱི་རྒྱལ་ཡོངས་སུ་ཉིན་གསུམ་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་དེའི་རྗེས་སུ་ཐཱ་ལེ་པན་གྱི་གསལ་སྒྲོག་དེར་དགའ་བསུ་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་ལ། དཔུང་འཇུག་ཐེབས་ན་མ་གཏོགས་རྒོལ་ལན་སྤྲོད་མི་རུང་བའི་མཛུབ་སྟོན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།