ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་མཚོ་ནག་གི་བར་སྣང་ནས་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུར་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་ཉིན་དེར་མཚོ་ནག་གི་བར་སྣང་ནས་ཨུ་རུ་སིའི་རྒྱལ་མཚམས་བརྒལ་རྩིས་བྱེད་པའི་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུ་གཉིས་ལ་བཀག་འགོག་བྱས་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་མཁའ་སྲུང་སྒྲིག་ཆས་ཀྱིས་མཚོ་ནག་གི་བར་སྣང་དུ་ཨུ་རུ་སིའི་རྒྱལ་མཚམས་བརྒལ་རྩིས་བྱེད་པའི་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུ་གཉིས་ཡོད་པ་ཤེས་རྗེས། སུའུ-27རྟགས་ཅན་གྱི་འགས་གཏོར་གནམ་གྲུས་བར་སྣང་ནས་བཀག་འགོག་བྱས་པ་དང་། བདེ་བླག་ངང་ཨ་མེ་རི་ཁའི་གནམ་གྲུ་མཐར་སྐྲོད་བཏང་བ་རེད་ཟེར། 

ཨུ་རུ་སིའི་གནམ་གྲུ་འཕུར་སྐྱོད་བྱེད་སྐབས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་ལ། འཐབ་འཛིང་གནམ་གྲུས་བཀག་འགོག་ལས་འགན་ཡོངས་འགྲུབ་བྱས་རྗེས་བདེ་འཇགས་ངང་ཕྱིར་སྡོད་གནས་སུ་ལོག་པ་རེད། 

ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱི་གནམ་གྲུ་རྒྱུན་པར་ཨུ་རུ་སིའི་རྒྱལ་མཚམས་སུ་འཕུར་ནས་མྱུལ་ཞིབ་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཟླ་འདིའི་ཚེས་གཅིག་ཉིན་དང་། ཚེས་བཅུ་བཞིའི་ཉིན། ཚེས་ཉེར་བདུན་བཅས་ལ་ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་མཚོ་ནག་གི་བར་སྣང་ནས་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུར་བཀག་འགོག་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།