རྒྱལ་ཁབ་མང་བོའི་ཆེད་མཁས་པས་བྱིས་པར་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་བྱིས་པའི་སྲུང་སྐྱོབ་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་འབྲེལ་བའི་གྲོས་བསྡུར་གྱི་ཐོག་མའི་གྲོས་ཚོགས་ཚེས་ཉེར་བརྒྱད་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པས་བསྟན་དོན། ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་བྱིས་པའི་ཁེ་དབང་ལ་གནོད་པ་ཐེབས་པའི་གནད་དོན་མདུན་ནས་རྒྱལ་ཁབ་སོ་སོས་ཆེད་དོན་རང་བཞིན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད། ཤུགས་ཆེན་པོས་བྱིས་པར་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་སྤྱིའི་བྱིས་པའི་བཅའ་ཁྲིམས་མནའ་འབྲེལ་དང་པེ་ཅིང་ན་གཞོན་ལོ་ཆུང་བཅའ་ཁྲིམས་རོགས་སྐྱོར་དང་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། རྒྱལ་ཁབ་དྲུག་གི་ཆེད་མཁས་པས་ཚོགས་ཐོག་ནས་གཏམ་བཤད་སྤེལ། 

རྒྱལ་སྤྱིའི་བྱིས་པའི་བཅའ་ཁྲིམས་མནའ་འབྲེལ་གྱི་ཀྲུའུ་ཞི། པེ་ཅིང་ན་གཞོན་ལོ་ཆུང་བཅའ་ཁྲིམས་རོགས་སྐྱོར་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཏུང་ལོས་ཧྭ་ཡིས་ཀྲུང་གོས་ཉེ་བའི་ལོ་འགའི་རིང་ལ་བྱིས་པའི་ཁྲིམས་འཛུགས་དང་སྲིད་ཇུས་བཅོས་བསྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་དང་། དེ་མིན་ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་བྱིས་པའི་སྲུང་སྐྱོབ་རོགས་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྤེལ་བའི་བྱ་བ་མཚམས་སྦྱོར་བྱས། 

གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པ་དག་གིས་བལྟས་ན། སྐུད་ཐོག་གི་བྱིས་པའི་ཡིད་སེམས་ལ་ལྷད་བཟོ་བའི་གནད་དོན་དང་བཅས་པའི་བྱིས་པའི་ཁེ་དབང་ལ་གནོད་པའི་གནད་དོན་ཉིན་རེ་བཞིན་ཚབས་ཆེན་ཡིན་པས། རྒྱལ་ཁབ་སོ་སོས་ཆེད་དོན་རང་བཞིན་གྱི་ཁྲིམས་འཛུགས་ལ་བརྟེན་ནས་བཀག་འགོག་བྱེད་པའི་དགོས་གལ་ཆེ་བར་འདོད། ཁོ་ཚོས་སྐུད་ཐོག་གི་ཞིབ་བསྡུར་ཚོགས་འདུ་སོགས་སྤྱད་ཆོག་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བྱིས་པའི་སྲུང་སྐྱོབ་གནད་དོན་ཐད་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།