ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱིས་སྲིད་གཞུང་ཁོངས་མི་གསར་བའི་མིང་ཐོ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་ཚེས་ཉེར་ལྔ་ཉིན་སྐབས་གསར་བའི་སྲིད་གཞུང་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། ཁོ་རང་ཉིད་ཀྱིས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་རྒྱུ་ཡིན་ལ། ཝང་རོས་ཅེ་ཡིས་ཙུང་ལི་གཞོན་པ་དང་ཞོར་དུ་དཔལ་འབྱོར་སྲིད་ཇུས་གཅིག་གྱུར་བཀོད་འདོམ་པུའུ་ཀྲང་དང་ནོར་སྲིད་པུའུ་ཀྲང་གི་ལས་འགན་གཅིག་ལྕོགས་སུ་ཁུར་རྒྱུ་རེད། 

ལིས་ཞན་ལུང་གིས་ཉིན་དེར་བརྙན་རིས་རྣམ་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སྲིད་གཞུང་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས། རྒྱལ་སྲིད་བློན་ཆེན་ཀྲང་ཀྲི་ཞན་དང་ཧྲང་ཏཱ་མན་གཉིས་ཀྱིས་སོ་སོར་མུ་མཐུད་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་བཀོད་འདོམ་པུའུ་ཀྲང་དང་སྤྱི་ཚོགས་སྲིད་ཇུས་གཅིག་གྱུར་བཀོད་འདོམ་པུའུ་ཀྲང་གི་ལས་འགན་ཁུར་རྒྱུ་ཡིན་པ་དང་། སྲིད་གཞུང་ལ་པུའུ་ཀྲང་གསར་བ་དྲུག་ཡོད། ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ། ནང་སྲིད་པུའུ། ཉོ་ཚོང་བཟོ་ལས་པུའུ། མི་ཤུགས་ལས་དོན་པུའུ། འཕྲོད་བསྟེན་པུའུ་སོགས་ནེ་ཀིའི་པུའུ་ཀྲང་གཙོ་བོར་འགྱུར་ལྡོག་བྱུང་མེད། 

ལིས་ཞན་ལུང་གིས་བཤད་རྒྱུར། སྲིད་གཞུང་གི་དཔོན་པོའི་ལས་འགན་གྱི་རྒྱུན་མཐུད་རང་བཞིན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འགྲན་རྩོད་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས་པུའུ་ཀྲང་གི་ལས་གནས་གལ་ཆེན་མང་ཆེ་བ་སོར་འཇོག་བྱས་པ་ཡིན། ལས་གནས་བརྗེ་སྤོར་ལ་བརྟེན་ནས་ན་གཞོན་པུའུ་ཀྲང་དག་གིས་ཉམས་མྱོང་མང་དུ་བསགས་ཏེ། ཕྱོགས་ཡོངས་ནས་སྲིད་གཞུང་བྱ་བར་རྒྱུས་ལོན་བྱེད་པའི་རེ་བ་ཡོད་ཟེར། 

ལིས་ཞན་ལུང་གིས་ད་རུང་ཁྱབ་སྒྲོག་བྱས་དོན། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ད་ལོར་རྒྱལ་སྟོན་གྱི་མང་ཚོགས་ཚོགས་འདུ་སྤེལ་རྒྱུ་མིན་པ་དང་། ཙུང་ལིའི་རྒྱལ་སྟོན་གྱི་མང་ཚོགས་ཚོགས་འདུའི་སྟེང་གི་གཏམ་བཤད་དེ་ཟླ་བརྒྱད་པའི་ཟླ་མཇུག་ལ་རྒྱལ་ཚོགས་ནས་སྤེལ་རྒྱུ་ཡིན་ཟེར། 

སིང་ག་ཕོར་གྱིས་ཟླ་བདུན་པའི་ཚེས་བཅུ་ཉིན་རང་བཙན་བྱས་རྗེས་ཀྱི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་བྱ་འགུལ་སྐབས་བཅུ་གསུམ་པ་སྤེལ། སྲིད་འཛིན་ཏང་མི་དམངས་འགུལ་སྐྱོད་ཏང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཚོགས་ཀྱི་ལས་གནས་གོ་གསུམ་ལས་གྱ་གསུམ་ཐོབ་སྟེ་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་རེད། མི་དམངས་འགུལ་སྐྱོད་ཏང་གིས་སིང་ག་ཕོར་རང་བཙན་བྱས་པའི་ཚུན་ལ་ད་ལྟའི་བར་སྲིད་བཟུང་བ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། སྲིད་གཞུང་གསར་བས་ཚེས་ཉེར་བདུན་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།