ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆི་ཏོན་བྱང་མའི་གྲོས་ཁང་གིས་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ཆི་ཏོན་བྱང་མའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་འཛིན་པའི་མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་གཙོ་བྱས་པའི་སྲིད་ཏང་མནའ་འབྲེལ་ལ་ཚེས་བཅོ་ལྔ་ཉིན་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ། 

མཱ་ཆི་ཏོན་བྱང་མའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལྟར་ན། མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་དང་པེ་སཱ་ལས་འགུལ་གྱིས་གྲུབ་པའི་སྲིད་ཏང་མནའ་འབྲེལ་ལ་བརྒྱ་ཆའི་སོ་ལྔ་དང་གྲངས་ཆུང་བརྒྱད་དགུའི་འདེམ་ཤོག་ཐོབ་ཡོད་པ་དང་། གྲོས་ཁང་ཁྲོད་ཀྱི་ལས་གནས་ཞེ་དྲུག་ཐོབ་ཡོད། ངོ་རྒོལ་ཏང་ཁག་གཙོ་བོ་མཱ་ཆི་ཏོན་ནང་ཁུལ་གསར་བརྗེ་རྩ་འཛུགས་མི་དམངས་གཅིག་གྱུར་དམངས་གཙོ་ཏང་གཙོ་བྱས་པའི་སྲིད་ཏང་མནའ་འབྲེལ་ལ་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་ལྔ་བདུན་གྱི་འདེམ་ཤོག་ཐོབ་ཡོད་པ་དང་གྲོས་ཁང་གི་ལས་གནས་ཞེ་བཞི་ཐོབ་ཡོད། མི་རིགས་མཉམ་འདྲེས་དམངས་གཙོ་མནའ་འབྲེལ་ལ་ལས་གནས་བཅོ་ལྔ་ཐོབ་ཡོད་པ་དང་། མི་རིགས་མནའ་འབྲེལ་ལ་ལས་གནས་བཅུ་གཉིས་ཐོབ་ཡོད། དེའི་འཕྲོའི་ལས་གནས་གསུམ་ཏང་ཁག་ཆུང་བ་གཉིས་ལ་ཐོབ་ཡོད་པ་རེད། 

སྒེར་ཚུགས་ཀྱིས་ནེ་ཀི་རྩ་འཛུགས་བྱེད་པར་མཁོ་བའི་ལས་གནས་ཀྱི་གྲངས་ཚད་དུ་བསླེབ་མེད་པས། མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་དང་པེ་སཱ་ལས་འགུལ་སྲིད་ཏང་མནའ་འབྲེལ་གྱིས་ཏང་ཁག་གཞན་པ་དང་མཉམ་དུ་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་དགོས་པ་རེད། 

མཱ་ཆི་ཏོན་བྱང་མའི་གྲོས་ཁང་ལ་བསྡོམས་པས་ལས་གནས་བརྒྱ་དང་ཉི་ཤུ་ཡོད་པ་དང་། གྲོས་མིས་ཐད་ཀར་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་བཞི་རེད། སྐབས་སྔོན་མའི་གྲོས་ཁང་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར་བདམས་ཐོན་བྱུང་བ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།