ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་ཁྲི་དགུ་སྟོང་དྲུག་དགུ་བརྒྱ་ཉེར་དྲུག་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་ཁྲི་དགུ་སྟོང་དྲུག་དགུ་བརྒྱ་ཉེར་དྲུག་ལ་བསླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བཞི་བརྒྱ་དང་གོ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་ཁྲི་དགུ་སྟོང་དྲུག་དགུ་བརྒྱ་ཉེར་དྲུག་ལ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དགུ་དང་བདུན་བརྒྱ་ང་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དྲུག་དང་ཁྲི་གཉིས་སྟོང་བརྒྱད་དགུ་བརྒྱ་དང་གསུམ་ལ་བསླེབ་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་གསུམ་ཉིན་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཆབ་སྲིད་མགོ་ཁྲིད་ནུས་པ་དང་སྡོད་ཁུལ་གྱི་ཟབ་ཞུགས་ནི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གནད་ས་གཉིས་ཡིན་པ་དང་། ཕན་ཚུན་འགོ་བར་ཚོད་འཛིན་དང་ཚེ་སྲོག་སྐྱོབ་པའི་བྱེད་ཐབས་ཆེས་བཟང་བོ་ནི་མི་སྒེར་དང་སྡོད་ཁུལ་ལ་ཉེན་ཁ་དོ་དམ་བྱེད་དུ་བཅུག་སྟེ། རང་ཉིད་དང་ཉེ་འཁོར་གྱི་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

དེ་ལས་གཞན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དེ་ཡུན་རིང་བོ་འགོར་སྲིད་པས། རྒྱལ་ཁབ་སོ་སོས་རྒྱལ་ཁབ་དང་ས་ཁུལ་རིམ་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱེད་ཐབས་ལ་དུས་བཅད་ལྟར་དཔྱད་ཞིབ་བྱས་ཏེ། རིམས་འགོག་བྱེད་ཐབས་ལེགས་བཅོས་བྱེད་པའི་གནད་འགག་གོ་སྐབས་ཤོར་དུ་མི་འཇུག་པར་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།