ཀྲུང་གོ་བོད་ཀྱི་དྲ་བ།

པོ་ལི་ཝེ་ཡའི་རིམས་ནད་གསར་པའི་རྐྱེན་གྱིས་སླར་ཡང་འདེམས་བསྐོ་ཆེ་མོ་ཕྱིར་འགྱངས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པོ་ལི་ཝེ་ཡའི་ཆེས་མཐོའི་འདེམས་བསྐོའི་ཁྲིམས་ཁང་གིས་ཚེས་ཉེར་གསུམ་ཉིན་རྒྱལ་ཁབ་དེའི་འདེམས་བསྐོ་ཆེ་མོ་དེ་སྔར་གཏན་འཁེལ་བྱས་པའི་ཟླ་དགུ་པའི་ཚེས་དྲུག་ཉིན་ནས་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་བར་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་པོ་ལི་ཝེ་ཡའི་རིམས་ནད་གསར་པའི་རྐྱེན་གྱིས་ཐེངས་གཉིས་པར་འདེམས་བསྐོའི་དུས་ཚོད་ཕྱིར་འགྱངས་བྱས་པ་རེད།

པོ་ལི་ཝེ་ཡའི་ཆེས་མཐོའི་འདེམས་བསྐོ་ཁྲིམས་ཁང་གི་འགོ་གཙོ་ལུའོ་མེ་ལུའོ་ཡིས་དེ་ཉིན་རྒྱལ་ཁབ་དེའི་སྲིད་འཛིན་རྒྱལ་ས་ལ་པ་སིར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། འདེམས་བསྐོ་ཆེན་པོ་སླར་ཡང་ཕྱིར་འགྱངས་བྱེད་པ་ནི་འདེམས་བསྐོའི་གོ་རིམ་གྱི་ཚན་རིག་རང་བཞིན་དང་དམངས་ཚོགས་ཀྱི་བདེ་ཐང་འགན་ལེན་གྱི་བསམ་གཞིག་ཅིག་རེད།

ལུའོ་མའེ་ལུའོ་ཡིས་བཤད་རྒྱུར། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞིབ་འཇུག་ལས་མངོན་པར་གཞིགས་ན། ཟླ་བདུན་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་འགོར་པོ་ལི་ཝེ་ཡའི་ནད་དུག་འགོ་ཚད་མཐོ་ཤོས་སུ་སླེབས་རྒྱུ་དང་། དུས་ཚོད་ཕྱིར་འགྱངས་བྱས་ན་ཚད་ཆེས་ཆེ་བའི་སྒོ་ནས་འགོས་ནད་འགོས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ཟེར།

ཆེས་མཐོའི་འདེམས་བསྐོ་ཁྲིམས་ཁང་གི་གཏན་འབེབས་གཞིར་བཟུང་ན། གལ་ཏེ་སྐོར་ཐེངས་དང་པོའི་འདེམས་ཤོག་འཕེན་པའི་ཁྲོད་རྒྱལ་ཁ་ཐོབ་མཁན་མེད་ན་སྐོར་ཐེངས་གཉིས་པའི་འདེམས་བསྐོ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་འཚོག་རྒྱུ་རེད། ཙུང་ཐུང་དང་ཙུང་ཐུང་གཞོན་པ། དེ་བཞིན་གྲོས་ཁང་གོང་འོག་གཉིས་ཀྱི་གྲོས་མིས་ཟླ་བཅུ་གཉིས་པར་འགན་བཞེས་དམ་བཅའ་འཇོག་རྒྱུ་རེད།

པོ་ལི་ཝེ་ཡའི་འདེམས་བསྐོ་ཆེ་མོ་དེ་ད་ལོའི་ཟླ་ལྔ་པའི་ཚེས་གསུམ་ཉིན་འཚོག་དགོས་ནའང་། རིམས་ནད་གསར་པ་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད། པོ་ལི་ཝེ་ཡའི་གནས་སྐབས་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ཏེ། རྒྱལ་ཁབ་དེས་ས་གནས་དེའི་དུས་ཚོད་ཚེས་ཉེར་གཉིས་ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་ལས་མཚམས་བཞག་པར་མ་ཟད། ཁྱིམ་སྡོད་ཟུར་འཇོག་གི་བྱ་ཐབས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འདེམ་བསྐོའི་བྱ་འགུལ་དེ་དང་བསྟུན་ནས་མཚམས་བཞག ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་པོ་ལི་ཝེ་ཡའི་ཆེས་མཐོའི་འདེམས་བསྐོའི་ཁྲིམས་ཁང་གིས་ཟླ་དགུ་པའི་ཚེས་དྲུག་ཉིན་འདེམས་བསྐོ་ཆེན་མོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར། པོ་ལི་ཝེ་ཡའི་སྐབས་དེའི་ཙུང་ཐུང་གི་འགན་བཞེས་མཁན་མོ་ལ་ལའེ་སི་འདེམས་བསྐོའི་ནང་གཡོ་སྒྱུའི་ཟིང་ཆའི་ནང་ཚུད་ནས་ལས་གནས་དགོངས་ཞུ་བྱས་པ་མ་ཟད། ཕྱི་རྒྱལ་དུ་ཉེན་ཡོལ་ཡང་བྱས་པ་རེད། སྐབས་དེའི་གྲོས་ཁང་གོང་མའི་གྲོས་དཔོན་གཞོན་པ་གཉིས་པ་ཨ་ཉེ་སིས་གནས་སྐབས་ཙུང་ཐུང་གི་འགན་བཞེས་པ་ཁྱབ་བསྒྲགས་བྱས། སྲིད་གཞུང་གསར་པས་དེ་རྗེས་བསྐྱར་དུ་འདེམས་བསྐོ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་དུས་ཚོད་ད་ལོའི་ཟླ་ལྔ་པའི་ཚེས་གསུམ་ཉིན་གཏན་འཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།