ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་གྱི་ལམ་ནས་འཐབ་ཇུས་བརྟན་ལྷིང་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གསུམ་ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཁ་པར་གྱི་ལམ་ནས་འཐབ་ཇུས་བརྟན་པོ་དང་དམག་དོན་ཚོད་འཛིན་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨུ་རུ་སུ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་ཐད་དམིགས་བསལ་གྱི་འགན་འཁྲི་ཡོད་པར་དམིགས་ཏེ། ཕུའུ་ཅིང་དང་ཐི་ལང་ཕུའུ་ཡིས་འཐབ་ཇུས་བརྟན་ལྷིང་དང་དམག་དོན་ཚོད་འཛིན་གྱི་གནད་དོན་ལ་གྲོས་བསྡུར་ཞིབ་ཕྲ་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གིས《འཐབ་ཇུས་མཚོན་ཆ་གསར་པ་ཉུང་གཏོང་གི་ཆིངས་ཡིག》ཚུད་པའི་འབྲེལ་ཡོད་གནད་དོན་ལ་ཕྱོགས་གཉིས་གྲོས་མོལ་བྱེད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་གནང་བ་རེད།

གསལ་བསྒྲགས་ནང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་གྲོས་བསྡུར་བྱས་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ས་ཁུལ་གྱི་བརྟན་ལྷིང་དང་གོ་ལ་ཧྲིལ་པོའི་ཉིང་རྡུལ་མི་མཆེད་པའི་ལམ་སྲོལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་ཡོད། ཕྱོགས་གཉིས་པོས་ད་དུང་ཨུ་རུ་སུ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་དང་འབྲེལ་ཏེ། པྲོག་གསར་རིམས་ནད་ནང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གདེང་འཇོག་ཧུར་ཐག་ཀྱང་བྱེད་འདོད་ཡོད་ཅེས་བཤད་པ་རེད།

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཐི་ལང་ཕུའུ་དང་ཕུའུ་ཅིང་གཉིས་ཀྱིས་ཉིན་དེར་ཁ་པར་བརྒྱུད་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྱར་དུ་གཏོད་པའི་གལ་ཆེའི་རང་བཞིན་ལ་གྲོས་བསྡུར་བྱས་པ་རེད། དེ་བཞིན་གལ་འགངས་ཆེ་བའི་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ཀྱི་གནད་དོན་བཅས་ཀྱི་ཐད་ཀྱང་གྲོས་བསྡུས་བྱས་ཡོད་འདུག ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཝི་ཡེ་ན་རུ་འཚོག་འཆར་ཡོད་པའི་དམག་དོན་ཚོད་འཛིན་གྱི་གྲོས་མོལ་ཁྲོད་ཨ་མེ་རི་ཁ་དང་ཨུ་རུ་སུའི་འབྲེལ་བར་གྲུབ་འབྲས་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།