ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་རྣམ་གཉིས་ཀྱིས་ཁ་པར་ཐོག་ནས་འཐབ་ཇུས་བརྟན་འཇགས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིའི་ཙུང་ཐུང་ཐེ་ལིང་ཕུ་ལ་ཁ་པར་བཏང་ནས་འཐབ་ཇུས་བརྟན་འཇགས་དང་དམག་དཔུང་ཚོད་འཛིན་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

 ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཐད་དམིགས་བསལ་གྱི་འགན་འཁྲི་ཡོད་སྟབས་ཕུའུ་ཅིང་དང་ཐེ་ལིང་ཕུ་གཉིས་ཀྱིས་འཐབ་ཇུས་བརྟན་ལྷིང་དང་དམག་དོན་ཚོད་འཛིན་གྱི་གནད་དོན་ལ་གྲོས་བསྡུར་ཞིབ་ཕྲ་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གིས《འཐབ་ཇུས་མཚོན་ཆ་གསར་པ་ཉུང་གཏོང་གི་ཆིངས་ཡིག》ཚུད་པའི་འབྲེལ་ཡོད་གནད་དོན་ལ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་གནང་བ་རེད།

གསལ་བསྒྲགས་ནང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ད་དུང་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་གྲོས་བསྡུར་བྱས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ས་ཁུལ་གྱི་བརྟན་ལྷིང་དང་གོ་ལ་ཧྲིལ་པོར་ཉིང་རྡུལ་མི་མཆེད་པའི་ལམ་སྲོལ་སྲུང་སྐྱོང་བྱེད་དགོས་པར་ནན་བཤད་བྱས་པ་མ་ཟད། ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་དང་འབྲེལ་པྲོག་གསར་གློ་ཚད་རིམས་ནད་ཐད་རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཧུར་ཐག་བྱེད་འདོད་ཡོད་ཅེས་བཤད་པ་རེད།

གཞན་ཡང་ཨ་མེ་རི་ཀའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཐེ་ལིང་ཕུ་དང་ཕུའུ་ཅིང་གཉིས་ཀྱིས་ཉིན་དེའི་ཁ་པར་ནང་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྱར་དུ་གཏོད་པའི་གལ་ཆེའི་རང་བཞིན་ལ་གྲོས་བསྡུར་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་གལ་འགངས་ཆེ་བའི་གནད་དོན་དང་འཛམ་གླིང་གི་གནད་དོན་ལ་གྲོས་བསྡུར་བྱས། ཐེ་ལིང་ཕུ་ཡིས་མི་འགྱང་བར་ཝི་ཨེན་ན་རུ་འཚོག་ལ་ཉེར་བའི་དམག་དོན་ཚོད་འཛིན་གྱི་གྲོས་མོལ་ཁྲོད་ཨ་རི་དང་ཨུ་རུ་སུར་གྲུབ་འབྲས་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།