ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་དམག་དཔུང་མངགས་ནས་སུའུ་ཨར་ཐི་ལ་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་དམག་དཔུང་མངགས་ནས་ཤར་ཕྱོགས་སུ་དཔུང་འཇུག་བྱས་པ་དང་། དབུས་ཕྱོགས་ཀྱི་གྲོང་ཁྱེར་སུའུ་ཨར་ཐི་འཕྲོག་རྩིས་བྱས།

ཤར་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་རྒྱལ་དམངས་དམག་ཅེས་པ་དེའི་བཀོད་འདོམས་དཔོན་པོ་མང་པོ་དང་གནས་ཚུལ་མཐོང་མཁན་ཁ་ཤས་ཀྱིས་བཤད་རྒྱུར། རླངས་འཁོར་ཉིས་བརྒྱ་ཙམ་གྱིས་གྲུབ་པའི་རླངས་འཁོར་རུ་ཁག་ཅིག་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་མུས་སུའུ་ལཱ་ཐ་ནས་ཤར་ཕྱོགས་ཀྱི་ཐ་ཝུའུ་ཨར་ཅ་ཕྱོགས་སུ་བསྐྱོད་པ་དང་། རླངས་འཁོར་ནང་དུ་དྲུད་པ་ནི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་བློ་དཀར་བའི་དྲག་ཆས་མི་སྣ་རེད་ཟེར། ཐ་ཝུའུ་ཨར་ཅ་ནི་མུས་སུའུ་ལཱ་ཐ་དང་སུའུ་ཨར་ཐི་ཡི་དཀྱིལ་དུ་གནས་ཡོད་ལ། སུའུ་ཨར་ཐི་གྲོང་ཁྱེར་དང་བར་ཐག་སུམ་ཆའི་གཉིས་ཙམ་ཡོད།

རྒྱལ་དམངས་དམག་གིས་ན་ནིང་གི་ཟླ་བཞི་པ་ནས་བཟུང་རྒྱལ་ས་ཏི་ལེ་པོ་ལེ་རུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། མཚམས་ཤིག་ལ་དཔུང་འཇུག་བྱས་ཏེ་རྒྱལ་སའི་ལྷོ་ཕྱོགས་སུ་ཐོན། དམག་འཁྲུག་གི་གནས་ཚུལ་ལ་ཉེ་སྔོན་འགྱུར་ལྡོག་བྱུང་ནས། མི་རིགས་མཐུན་སྒྲིལ་སྲིད་གུང་གིས་ཐུར་ཁེའི་རྒྱབ་སྐྱོར་འོག་ཏུ་སྔོན་ཆད་ལག་ནས་ཤོར་བའི་ས་མང་བོ་བསྟུད་མར་ཕྱིར་བླངས་པ་དང་། ཏི་ལེ་པོ་ལེའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་རྒྱལ་སའི་འདབས་རོལ་གྱི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ནས། ཡང་བསྐྱར་ནུབ་བྱང་གི་ས་ཁུལ་མང་ཆེ་བར་དབང་བསྒྱུར།

ལོ་ཕྱེད་ཙམ་གྱི་སྔོན་ལ་སུའུ་ཨར་ཐི་བཙན་བཟུང་བྱས། ས་དཀྱིལ་རྒྱ་མཚོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དེ་ནི་ཏི་ལེ་པོ་ལེའི་ཤར་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱ་དང་ལྔ་བཅུ་ཙམ་གྱི་མཚམས་སུ་གནས་ཡོད་ལ། རྡོ་སྣུམ་ཕྱིར་གཏོང་བྱེད་སའི་གྲུ་ཁ་གལ་ཆེན་ཞིག་ཡིན། དེ་དང་མཉམ་དུ་ལི་པི་ཡའི་ཤར་ཕྱོགས་ཀྱི་རྡོ་སྣུམ་ཐོན་གནས་གཙོ་བོར་འགྲོ་ས་ཡང་ཡིན།

མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཉེ་སྔོན་རྒྱལ་དམངས་དམག་གི་ལག་ནས་སུའུ་ཨར་ཐི་དང་ཀྲུའུ་ཧྥུའུ་ལཱ་གྲོང་ཁྱེར་གྱི་མཁའ་དམག་རྟེན་གཞི་ཞིག་ཕྱིར་འཕྲོག་རྒྱུ་ཡིན་ཞེས་བཤད་པ་དང་། རྒྱལ་དམངས་དམག་གིས་ས་དེར་དྲག་ཆས་མི་སྣ་དང་མཚོན་ཆ་བསྣན་ནས། སུའུ་ཨར་ཐི་ཡི་འགོག་སྲུང་ནུས་པ་ཇེ་ཆེར་བཏང་།

ཁ་ཀྲ་ཧྥེ་སྲིད་གཞུང་ཉིས་སྟོང་བཅུ་གཅིག་ལོར་རྩ་རྫོགས་བྱས་རྗེས། ལི་པི་ཡའི་སྟོབས་ཤུགས་ཆེན་པོ་གཉིས་ཕན་ཚུན་ཁ་གཏད་དུ་ལངས། མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་ཏི་ལེ་པོ་ལེ་སོགས་ནུབ་ཕྱོགས་ས་ཁུལ་བདག་ཏུ་བཟུང་ལ། དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་། ཐུར་ཁེ་དང་ཁ་ཐར་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧ་ལེ་ཧྥ་ཧ་ཧྥུའུ་ཐ་ཨར་གྱིས་འགོ་ཁྲིད་པའི་རྒྱལ་དམངས་དམག་བར་མནའ་འབྲེལ་བཙུགས་ཏེ། གཙོ་བོ་ཤར་ཕྱོགས་ས་ཁུལ་དང་ལྷོ་ཕྱོགས་ཀྱི་སྣུམ་ཐོན་ས་ཁུལ་བདག་ཏུ་བཟུང་ལ། དེར་ཨུ་རུ་སི་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།