ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བྱེད་ཐབས་ཡོད་ཚད་སྤྱད་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་དཔོན་པོ་དང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོ་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ནས། མུ་མཐུད་དུ་བཀོལ་ཆོག་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅས།

ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་མོས་ཀྲུའུ་ཞི་རྒྱལ་ཁབ་སོ་ཐི་ཨ་རབ་ཀྱིས་འགོ་མཛིན་བྱས། ཚོགས་ཐོག་ནས་སྤེལ་བའི་སྤྱི་བསྒྲགས་ནང་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་པའི་རྐྱེན་གྱིས། འཛམ་གླིང་དཔལ་འབྱོར་གྱི་མདུན་ལྗོངས་ཐད་ནས་གཏན་འཇགས་མིན་པའི་རྒྱུ་རྐྱེན་གྱིས་ཁེངས་ཡོད་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་སྤྱོད་ཆོག་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ། མི་དམངས་ཀྱི་འཚོ་བ་དང་ལས་ཞུགས་དང་ཡོང་སྒོར་འགན་སྲུང་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས། དངུལ་རྩ་མ་ལག་གི་ཉེན་ཁར་ངོ་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཞོར་དུ། དཔལ་འབྱོར་མར་འགྲིབ་པའི་ཉེན་ཁ་ཚོད་འགོག་བྱེད་རྒྱུ་ཡིན་པའི་དམ་བཅས།

ཚོགས་ཐོག་ཏུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་དངུལ་རྩའི་བདེ་འཇགས་དྲ་རྒྱའི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་རེ་འདུན་ཞུས་པ་དང་། རྩ་འཛུགས་དེར་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ནས། རྩ་འཛུགས་དེས་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཡོང་སྒོ་དམའ་བའི་རྒྱལ་ཁབ་ཀྱི་གནད་འགག་མ་དངུལ་གྱི་དགོས་མཁོ་ཐག་གཅོད་པར་དགའ་བསུ་ཞུས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།