ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལས་ཨ་མེ་རི་ཁའི་དམག་གྲུས་འཁྲུག་རྐྱེན་བསླངས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་དམག་གྲུ་ཞིག་ཝེ་ནེ་ཙུའེ་ལའི་ས་ཁུལ་གྱི་མཚོ་ཁོངས་སུ་བསྐྱོད་པར་སྐྱོན་འཛུགས་བྱས་ཏེ། རྒྱལ་སྤྱིའི་མཚོ་དོན་བཅའ་ཁྲིམས་དང་འགལ་བ་ནི“བཟོད་སྒོམ་བྱེད་ཐབས་བྲལ་བའི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད”ཡིན་ཟེར།

ཨ་མེ་རི་ཁའི་དམག་དཔུང་ལྷོ་ཕྱོགས་དམག་སྤྱི་ཁང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁ་མཚོ་དམག་གི“ཕིང་ཁེ་ཉི”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུས་ཉིན་དེར་ཅ་ལེ་པི་རྒྱ་མཚོའི་ས་ཁོངས་སུ། “རང་མོས་ངང་མཚོ་འགྲུལ་བྱེད་པའི”བྱ་སྤྱོད་གྲུབ་འབྲས་ཐོབ་པའི་ངང་སྤེལ་ནས། ཝེ་ནེ་ཙུའེ་ལས“སྤྱི་མཚོའི་ཚད་བརྒལ་མཚོ་དོན་གྱི་འདོད་ཚུལ”ལ་འགྲན་སློང་བྱས་པ་རེད་ཟེར།

ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་ཤིག་ནང་བཤད་རྒྱུར། མཐར་སྐྲོད་གཏོང་བྱེད་དམག་གྲུ་དེ་ཝེ་ནེ་ཙུའེ་ལའི་མུ་འབྲེལ་མཚོ་ཁོངས་སུ་སླེབས་པ་དང་། ཝེ་ནེ་ཙུའེ་ལའི་མཚོ་འགྲམ་དང་བར་ཐག་ཕལ་ཆེར་མཚོ་ལེ་བཅུ་དྲུག་ཡོད་ཟེར།

ཝེ་ནེ་ཙུའེ་ལའི་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་དོན། “ཨ་མེ་རི་ཁའི་གྲུ་གཟིངས་ལྐོག་ལྐོག་སུད་སུད་ཀྱིས་ཝེ་ནེ་ཙུའེ་ལའི་མཚོ་ཁོངས་སུ་འཛུལ་བའི་བྱ་སྤྱོད་དེ་རྒྱལ་སྤྱིའི་མཚོ་དོན་བཅའ་ཁྲིམས་ལས་འགལ་བ་མངོན་གསལ་ཡིན”ལ།  བྱ་སྤྱོད་དེ་རིགས“ཡ་མཚན་ཅན་དང་བྱིས་བློ་ཅན”ཤ་སྟག་ཡིན་པར་མ་ཟད།  “བཟོད་སྒོམ་བྱེད་ཐབས་བྲལ་བའི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད”ཀྱི་ཁོངས་སུ་གཏོགས་པ་ཡིན་ཟེར།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》གཞིར་བཟུང་ན། མུ་འབྲེལ་ས་ཁུལ་གྱིས་མངའ་ཁོངས་རྒྱ་མཚོའི་ཞེང་ཚད་ཚད་ལེན་ཞིབ་རྩིས་བྱས་པའི་གཞི་ཐིག་གི་ཚད་ནས་བཟུང་མཚོ་ལེ་ཉེར་བཞི་ལས་བརྒལ་མི་ཆོག མཚོ་རྒྱུད་རྒྱལ་ཁབ་ཀྱིས་མུ་འབྲེལ་མཚོ་ཁོངས་སུ་ཕྱོགས་ཁ་ཤས་ཀྱི་རྩིས་སྤྲོད་དོ་དམ་བྱས་ཆོག

ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ནི། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡི་ བྱ་ཐབས་བྲལ་བའི་འགྲན་འདེམས་ཐབས་ཇུས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་ཧྥོ་ལུའོ་ལི་ཏ་ཀྲོའུ་རུ་སྡོད་པའི་ལ་ཏིང་རྒྱུད་ཀྱི་འདེམས་དམངས་ཀྱིས་ཁོང་ལ་འདེམས་ཤོག་འཕེན་རྒྱུ་དེ་རེད། ཨ་མེ་རི་ཁས་ཟླ་བཅུ་གཅིག་པར་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་རེད།

ཟླ་བཞི་པ་ནས་བཟུང་། ཨ་མེ་རི་ཁས“དུག་འགོག”གི་མིང་ཐོག་ནས་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་མཚོ་ཁོངས་སུ་དམག་གྲུ་བཏང་བ་དང་། ཝེ་ནེ་ཙུའེ་ལའི་ཕྱོགས་ཀྱིས་དེ་སྔ་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལའི་མཚོ་ཐོག་བཀག་སྡོམ་དང་དམག་དོན་གྱི་འཇིགས་སྐུལ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།