ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཅིན་ཅིས་ཏོ་དང་ཕེན་ཙི་གྲོང་ཁྱེར་སྲིད་གཞུང་གིས་ཨ་མེ་རི་ཁའི་དམག་མི་ཧན་གོར་ཡོང་བའི་སྔོན་ལ་ནད་དུག་འགོས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་བརྗེ་སྤོར་བྱེད་སྐབས་པྲོག་དབྱིབས་ནད་དུག་འགོ་བའི་གནས་ཚུལ་བྱུང་བའི་དབང་གིས་ཧན་གོའི་ཅིན་ཅིས་ཏོ་དང་ཕེན་ཙི་གྲོང་ཁྱེར་སྲིད་གཞུང་གིས་ཨ་མེ་རི་ཁའི་དམག་མི་ཧན་གོར་ཡོང་བའི་སྔོན་ལ་ནད་དུག་འགོས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་དང་ལུའུ་ཐིག་གསར་འགྱུར་ཁང་སོགས་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕེན་ཙི་གྲོང་ཁྱེར་སྲིད་གཞུང་གིས་ཅིན་ཅིས་ཏོ་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་ལ་རེ་བ་དེ་བཏོན། ཧན་གོ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ལན་མ་བྱིན།

ཧན་གོའི་སྨྱན་བྱད་ཀྱིས་མི་གཞན་གྱི་སྐད་ཆ་དྲངས་ནས་བཤད་དོན། ཕེན་ཙི་གྲོང་ཁྱེར་སྲིད་གཞུང་གིས་བལྟས་ན། ཧན་གོ་ཕྱོགས་ལ་ཨ་མེ་རི་ཁའི་དམག་མི་ཧན་གོར་ཡོང་བའི་སྔོན་ལ་པྲོག་དབྱིབས་ནད་དུག་འགོས་ཡོད་མེད་ལ་བཙན་གྱིས་ཞིབ་བཤེར་བྱེད་པའི་དབང་ཆ་མེད་ནའང་ཨ་མེ་རི་ཁའི་ཕྱོགས་ལ་རེ་བ་བཏོན་ཆོག་ཟེར།

ཕེན་ཙི་ནི་ཧྲིག་ཨར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བདུན་ཅུའི་མཚམས་སུ་ཡོད་པ་དང་། ཧན་གོ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་སྤྱི་ཁང་གི་སྡོད་གནས་ཡིན། ཕེན་ཙི་ན་ཡོད་པའི་ཨ་མེ་རི་ཁའི་དམག་མིའི་ཧན་ཧྥའོ་ལེ་སི་དམག་སྒར་ནི་ཨ་མེ་རི་ཁའི་དམག་དཔུང་གི་ཆེས་ཆེ་བའི་དམག་སྒར་ཡིན་ལ། ཧན་གོ་རུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ཡོད་པ་དང་དེའི་ནང་གི་དམག་མི་ཁྲི་གཉིས་ཕེན་ཙི་ན་བསྡད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།