ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་ལང་གི་ཙུང་ཐུང་གིས་ཁ་པར་ལས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་སོགས་གནད་དོན་ལ་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་དུས་བཅད་ལྟར་དབྱི་ལང་གིས་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་བཏང་ནས། དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་དང་། སི་རི་ཡ་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱས།

ཁི་ལེ་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་ཉིན་དེར་བཀོད་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་དང་ལུའུ་ཧ་ཉི་གཉིས་ཀྱིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་ལག་བསྟར་གནས་ཚུལ་སྐོར་ནས་གྲོས་སྡུར་ཞིབ་མོ་བྱས། ཕུའུ་ཅིན་གྱིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ནི་སྔར་བཞིན་དུ་འཛམ་གླིང་གི་བརྟན་འཇགས་དང་བདེ་འཇགས་ལ་ཡར་སྐུལ་བྱེད་པའི་གྲོས་ཆོད་གལ་ཆེན་ཡིན་ཞེས་ནན་གྱིས་བཤད་པ་དང་། ལུའུ་ཧ་ཉི་ཡིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་བརྩི་སྲུང་བྱེད་པའི་དམ་བཅའ་བསྐྱར་བསྒྲགས་བྱས་པར་མ་ཟད། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོད་ཆོད་བཀོད་པའི་ཕྱོགས་སོ་སོར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྒྲོམ་གཞིའི་འོག་འདྲ་མཉམ་དང་འཛུགས་སྐྲུན་རང་བཞིན་གྱི་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན། ལུའུ་ཧ་ཉི་ཡིས་ཨུ་རུ་སིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་སྲུང་སྐྱོབ་དང་དེ་ལག་བསྟར་བྱེད་པར་ཕན་པའི་ལངས་ཕྱོགས་བཟུང་བར་བཀའ་དྲིན་ཞུས་ཟེར།

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་དུང་ཕྱོགས་གཉིས་ཀྱི་འབྲེལ་བའི་སྐོར་ནས་གྲོས་མོལ་བྱས་པར་མ་ཟད། སི་རི་ཡའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཁོ་གཉིས་ཀྱིས་མཐུན་སྦྱོར་ལ་སྔར་ལས་ཤུགས་བསྣན་ཏེ། སི་རི་ཡའི་ཡུན་རིང་གི་ཞི་བདེ་མངོན་འགྱུར་དང་། རྒྱལ་ཁབ་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་བཅོས་བྱེད་འདོད་ཡོད་ཚུལ་བསྟན།

དེ་ལས་གཞན། ལུའུ་ཧ་ཉི་ཡིས་ཨུ་རུ་སིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སྤྱི་དམངས་ཀྱིས་བདེ་བླག་ངང་འདེམ་ཤོག་འཕངས་པའི་ཐད་ནས་ཕུའུ་ཅིན་ལ་རྟེན་འབྲེལ་ཞུས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་དུང་རྒྱལ་ཁབ་རང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐབས་ཤེས་མཚམས་སྦྱོར་བྱས་པར་མ་ཟད། རིམས་འགོག་མཉམ་ལས་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།