ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་འཐབ་འཛིང་གནམ་གྲུས་ཨ་མེ་རི་ཁ་དང་ནོར་ཝེའི་མྱུལ་ཞིབ་གནམ་གྲུ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་བཞི་ཉིན། ཨུ་རུ་སུའི་རྒྱལ་ཁབ་འགོག་སྲུང་བཀོད་འདོམས་ལྟེ་གནས་ཀྱིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཨུ་རུ་སུའི་འཐབ་འཛིང་གནམ་གྲུས་དེ་ཉིན་པ་ལུན་ཀྲི་རྒྱ་མཚོ་དང་མཚོ་ནག་གི་བར་སྣང་དུ་ནོར་ཝེ་དང་ཨ་མེ་རི་ཁའི་མྱུལ་ཞིབ་གནམ་གྲུ་བཀག་འགོག་བྱས་པ་ཡིན་ཟེར།

སྤྱི་བསྒྲགས་ནང་ཨུ་རུ་སུའི་དམག་དཔུང་གིས་དེ་ཉིན་པ་ལུན་ཀྲི་རྒྱ་མཚོའི་མཚོ་ཁོངས་དང་མཚོ་ནག་ཆུ་ཁོངས་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་ཁྲོད་དུ། ཨུ་རུ་སུའི་མཐའ་མཚམས་དང་ཇེ་ཉེར་ཡོང་བའི་གནམ་གྲུ་མཐོང་། ཨུ་རུ་སུའི་བྱང་ཕྱོགས་ཀྱི་དམག་གྲུ་རུ་ཁག་དང་ལྷོ་ཕྱོགས་དམག་ཁུལ་གྱི་མཁའ་ཟོན་དམག་དཔུང་གིས་མྱུར་དུ་འཐབ་འཛིང་གནམ་གྲུ་མངགས་ནས། དམིགས་འབེན་ལ་དབྱེ་འབྱེད་དང་བཀག་འགོག་བྱས། ཨུ་རུ་སུའི་དམག་དཔུང་གིས་པ་ལུན་ཀྲིའི་མཚོ་ཁོངས་ཀྱི་མཁའ་དབྱིངས་ནས། ནོར་ཝེའི་མཁའ་དམགP-3C“རྔོན་པའི་སྐར་ཚོམ”ཞེས་པའི་མྱུལ་ཞིབ་གནམ་གྲུ་རྙེད་པ་དང་། མཚོ་ནག་ཆུ་ཁོངས་ཀྱི་མཁའ་དབྱིངས་ནས་ཨ་རིའི་དམག་དཔུང་གིP-8A“མཚོ་ལྷ”ཞེས་པའི་སྐོར་ཞིབ་གནམ་གྲུ་དང་RC-135འཐབ་ཇུས་མྱུལ་ཞིབ་གནམ་གྲུ། MQ-9A“གཤིན་རྗེ”ཞེས་པའི་མི་མེད་གནམ་གྲུ་བཅས་རྙེད་པ་རེད།

སྤྱི་བསྒྲགས་ནང་བཤད་རྒྱུར། ཨུ་རུ་སུའི་འཐབ་འཛིང་གནམ་གྲུས་མཉམ་དུ་འཕུར་བའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བར་སྣང་བེད་སྤྱོད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ནས། དམིགས་ཚད་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱས་ཏེ། ཕ་རོལ་གྱི་གནམ་གྲུ་ཨུ་རུ་སུའི་མཐའ་མཚམས་དང་རྒྱང་དུ་གྱེས་པར་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།