ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་ཁ་ཐུམ་བརྒྱབ་སྟེ་དམག་དོན་སྨན་ཁང་དུ་སོང་ནས་རྨས་མ་དང་སྨན་བཅོས་མི་སྣར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐང་ཐི་ལང་ཕུའུ་ཚེས་བཅུ་གཅིག་ཉིན་བོ་ཨར་ཐི་ལིས་ཏི་རྒྱལ་ཁབ་དམག་དོན་གསོ་རིག་ལྟེ་གནས་སུ་སོང་སྟེ་རྨས་མ་དང་སྨན་བཅོས་མི་སྣར་འཚམས་འདྲི་བྱས། དེ་ནི་ཨ་མེ་རི་ཁར་ཟླ་གསུམ་པའི་ནང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཐི་ལང་ཕུའུ་ཡིས་ཐོག་དང་པོར་ཁ་ཐུམ་བརྒྱབ་པ་རེད།

ཐི་ལང་ཕུའུ་ཉིན་དེར་གྱེན་འཕུར་གནམ་གྲུ་ལ་བསྡད་དེ་ཕོ་བྲང་དཀར་བོ་ནས་མ་ལིས་ལན་ཀྲིག་གི་པེ་སེ་སི་ཏ་ན་ཡོད་པའི་བོ་ཨར་ཐི་ལིས་ཏི་རྒྱལ་ཁབ་དམག་དོན་གསོ་རིག་ལྟེ་གནས་སུ་ཐོན། ཁོ་རང་གནམ་གྲུ་ལས་མར་འབབ་སྐབས་ཁ་ཐུམ་བརྒྱབ་མེད་ལ། གསོ་རིག་ལྟེ་གནས་སུ་འགྲོ་སྐབས་ཨ་མེ་རི་ཁའི་ཙུང་ཐུང་གི་མཚན་རྟགས་དཔར་ཡོད་པའི་ཁ་ཐུམ་བརྒྱབ་ཡོད། སྨྱན་བྱད་ཁ་ཤས་ཀྱིས་བསྒྲགས་པའི་པར་རིས་ལས་མངོན་པ་ལྟར་ན། ཐི་ལང་ཕུའུ་ཐད་ཀར་དུ་དམག་ཕྱོགས་ཀྱི་དཔོན་རིགས་དང་མཉམ་དུ་གསོ་རིག་ལྟེ་གནས་ཀྱི་བར་ཁྱམས་བརྒྱུད་དེ་སོང་།

ཐི་ལང་ཕུའུ་ཡིས་བཤད་དོན། བདག་གིས་བལྟས་ན་སྨན་ཁང་ལྟ་བུའི་དམིགས་བསལ་གྱི་ཚོགས་ར་ནས་ཁྱོད་ཀྱིས་དམག་མི་དང་ཡང་ན་མི་ཁ་ཤས་དང་གླེང་མོལ་བྱེད་པ་དང་། ཁོ་ཚོའི་ཁྲོད་ཀྱི་མི་ཁ་ཤས་གཤགས་བཅོས་སྟེགས་བུ་དང་ཁ་བྲལ་མ་ཐག་ཡིན་པས་ཁ་ཐུམ་བརྒྱག་དགོས་པ་ནི་སྨྲས་མ་དགོས་པ་ཞིག་རེད་སྙམ།

ཚེས་བཅུ་གཅིག་ཉིན་བར་དུ་ཨ་མེ་རི་ཁར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ས་ཡ་གསུམ་དང་འབུམ་གཉིས་ལས་བརྒལ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་ལས་བརྒལ། རིམས་ནད་སྔར་ལས་འགོས་ཁྱབ་ཏུ་འགྲོ་བ་དང་བསྟུན་ནས་ཐི་ལང་ཕུའུ་ཡི་གམ་དུ་ཡོད་པའི་མི་གང་མང་གིས་ཁ་ཐུམ་བརྒྱག་འགོ་བརྩམས་པ་དང་ཙུང་ཐུང་གཞོན་པ་མེད་ཁི་ཕིན་སེ་ཡང་དེའི་ནང་དུ་འདུ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།