ཀྲུང་གོ་བོད་ཀྱི་དྲ་བ།

བལ་པོའི་མའོ་ཏིས་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་རྐྱེན་གྱིས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བལ་པོའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། དྲག་ཆར་བབས་ནས་འདམ་རྡོའི་ཆུ་རུད་ཀྱིས་བལ་པོ་ནུབ་རྒྱུད་ཀྱི་མའོ་ཏིས་རྫོང་དུ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་གར་སོང་ཆ་མེད་དུ་གྱུར།

ཉེན་རྟོགས་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་གཞིར་བཟུང་ན། ཚེས་བཅུ་ཉིན་དྲག་ཆར་བསྟུད་མུར་བབས་པའི་དབང་གིས། མའོ་ཏིས་རྫོང་གི་ས་གནས་མང་པོར་འདམ་རྡོའི་ཆུ་རུད་ཀྱི་གནས་ཚུལ་བྱུང་བར་བརྟེན། མི་སོ་བཞི་གར་སོང་ཆ་མེད་དུ་གྱུར་པ་དང་ཁང་པ་བཞི་བཅུ་ལ་རྡིབ་སྐྱོན་བཟོས། ཚེས་བཅུ་གཅིག་ཉིན་བར་དུ། མི་གསུམ་བསྐྱབས་པ་དང་མི་ཉེར་བདུན་གྱི་བེམ་པོ་རྙེད་ཡོད་ནའང་། མི་བཞི་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད།

གསར་ལམ་ཁག་ནས་བསྒྲགས་པའི་གནས་ཚུལ་གཞིར་བཟུང་ན། ཉེན་རྟོག་ཕྱོགས་དང་དམག་དཔུང་སོགས་ཀྱིས་ཡུལ་དངོས་ནས་གཞི་ཁྱོན་ཆེན་པོའི་སྒོ་ནས་རོགས་སྐྱོབ་བྱེད་སྒོ་སྤེལ་ནའང་། གནམ་གཤིས་མི་ལེགས་པའི་དབང་གིས། རོགས་སྐྱོབ་ལས་སྒོ་སྤེལ་བ་ཅུང་དལ་མོའི་རང་བཞིན་དུ་གྱུར།

མའོ་ཏིས་རྫོང་ནི་བལ་པོའི་རྒྱལ་ས་ནས་སྤྱི་ལེ་ཉིས་བརྒྱའི་སར་ཡོད་ཅིང་། མིག་སྔའི་ཆར་བལ་པོའི་རྒྱལ་ཁོངས་ནས་གནོད་འཚེ་ཐེབས་ཡུལ་ཆེས་ཆེ་བའི་ས་ཁུལ་ཞིག་རེད།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།