ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཨ་པ་སིས་ཁ་པར་གྱི་ལམ་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་འདྲ་མཉམ་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བརྒྱད་ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་ཁ་པར་གྱི་ལམ་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་འདྲ་མཉམ་གནད་དོན་ལ་གྲོས་བསྡུར་བྱས།

ཚེས་བརྒྱད་ཉིན། ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་སྤེལ་བའི་སྤྱི་བསྒྲགས་ལ་གཞིགས་ན། ད་ཐེངས་ཀྱི་ཁ་པར་དེ་ནི་ཕ་ལེ་སི་ཐན་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་ཞིག་རེད། ཨ་པ་སིས་ཨུ་རུ་སུའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་པའི་འབྲས་བུར་ཕུའུ་ཅིན་ལ་རྟེན་འབྲེལ་ཞུས་པ་རེད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་ཏུ། གཞུང་དྲང་དང་རྒྱུན་སྲིང་གི་སྒོ་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པར་མ་ཟད། ཕ་ལེ་སི་ཐན་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས།

སྤྱི་བསྒྲགས་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་དུང་ཨུ་རུ་སུ་དང་ཕ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད།

ཨ་མེ་རི་ཁས་ད་ལོའི་ཟླ་དང་པོའི་ནང་དུ། “འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”ཞེས་པ་ཁྱབ་བསྒྲགས་བྱས། ཡེ་ལུའུ་ས་ལེམ་གྱི་ཁོངས་གཏོགས་དང་ཡིའུ་ཐའེ་བའི་གཞིས་ཆགས་གནས་ཀྱི་ཁྲིམས་མཐུན་རང་བཞིན་སོགས་གནད་དོན་གལ་ཆེན་ཐད་དབྱི་སི་རལ་གྱི་ཕྱོགས་ལ་ཕྱོགས་ཞེན་བྱས་ཏེ། ཕ་ལེ་སི་ཐན་ཕྱོགས་ཀྱིས་སེམས་ཁུར་བྱེད་པ་སྣང་མེད་དུ་བཞག དབྱི་སི་རལ་ཕྱོགས་ཀྱིས་འཆར་གཞི་དེར་དགའ་བསུ་ཞུས་པ་དང་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཁས་མ་བླངས་པ་རེད། “འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”ཁྱབ་བསྒྲགས་བྱས་རྗེས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ས་ཁུལ་གྱི་ཛ་དྲག་དུས་བབ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།