ཝང་དབྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡའི་གནད་དོན་གྱི་རིམ་མཐོའི་བརྙན་རིས་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཚེས་བརྒྱད་ཉིན་གྱི་དགོང་མོར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡའི་གནད་དོན་གྱི་རིམ་པ་མཐོ་བའི་ཡོངས་བསྒྲགས་བརྙན་རིས་ཚོགས་འདུར་ཞུགས།

ཝང་དབྱིས་བསྟན་དོན། ལི་པི་ཡའི་ཉམས་ཉེན་བྱུང་ནས་ལོ་བཅུ་སོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པི་ཡའི་མི་དམངས་ལ་རོགས་རམ་བྱས་ཏེ་ཞི་བདེའི་སྒོ་མོ་འབྱེད་དགོས་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རང་འགན་གཞན་ལ་དཀྲི་རྒྱུ་མེད། ཀྲུང་གོ་ཕྱོགས་ཀྱིས་འདོད་ཚུལ་བཞི་བཏོན་པ་སྟེ། གཅིག་ནས་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྒྱུ་དང་གཏུམ་སྤྱོད་བཀག་འགོག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འདི་ནི་ཁ་ཚ་དགོས་གཏུག་གི་ལས་ཀ་རེད། ལི་པི་ཡའི་ཕྱོགས་ཁག་གིས་འཕྲལ་མར་དགྲར་འཛིན་བྱ་སྤྱོད་སྤེལ་མཚམས་བཞག་ནས་རྒྱལ་ཁབ་ཁག་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། གཉིས་ནི་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། འདི་ནི་ལི་པི་ཡའི་གནད་དོན་གྱི་འགྲོ་ལམ་ཉག་གཅིག་ཡིན། ཕྱོགས་ཁག་གིས་ཕན་ཚུན་སྐད་ཆ་ཤོད་རེས་ཀྱི་སྲོལ་ལམ་ཐོག་བསྐྱར་དུ་ལོག་དགོས་པའི་འབོད་སྐུལ་བཏང་ཡོད། “གཞན་ཕན་གྱིས་གཙོ་ཁྲིད་བྱེད་པ་དང་། གཞན་ཕན་གྱིས་རང་ལ་དབང་བར་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པར་རྒྱབ་སྐྱོར་བྱེད་དགོས། ཨ་རབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་ས་ཁོངས་རྩ་འཛུགས་ཀྱིས་ལི་པི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནི་ཉམས་ཉེན་གྱི་ཤུགས་རྐྱེན་སེལ་ནས་ལི་པི་ཡ་དེ་འཇིགས་སྐུལ་རིང་ལུགས་སྐྱེ་འཕེལ་དང་གང་སར་མཆེད་པའི་དྲོད་ཁང་ཞིག་ཏུ་འགྱུར་དུ་འཇུག་མི་རུང་། བཞི་ནི་རྩ་ཁྲིམས་ཀྱི་དམིགས་ཡུལ་རྩ་དོན་བརྩི་སྲུང་ནན་མོ་བྱེད་དགོས། དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ལག་བསྟར་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཀྱང་རེད།

ཝང་དབྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་ཁྲིད་འོག་ལི་པི་ཡའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དེ་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། ལི་པུ་ཡའི་མི་དམངས་ལ་ཞི་བདེའི་སྐྱ་རེངས་བསུས་པ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རོགས་རམ་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།