ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡ་དང་དབྱི་ལིང་གཉིས་ཀྱིས་དམག་དོན་མཉམ་ལས་ཐད་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡ་དང་དབྱི་ལིང་གཉིས་ཀྱིས་ཚེས་བརྒྱད་ཉིན་དམག་དོན་མཉམ་ལས་ཐད་གྲོས་མཐུན་བཀོད་དེ།  རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་རིམ་པ་སོ་སོ་ནས་དམག་དོན་དང་བདེ་འཇགས་མཉམ་ལས་སྤེལ་བར་ཕྱོགས་གཉིས་ཀ་འཐད་པ་བྱུང་།

སི་རི་ཡའི་རྒྱལ་སྲུང་པུའུ་ཀྲང་ཨ་ལིས.ཨ་པུའུ་ཏུའུ་ལ.ཨ་ཡིའུ་པུའུ་དང་དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་མུའུ་ཧན་མའོ་ཏི.པ་ཀའེ་ལིས་གཉིས་ཉིན་དེར་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་གི་ནས་ཐུག་འཕྲད་བྱས་རྗེས་གྲོས་མཐུན་བཀོད་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་བསྒྲགས་ནང་བཤད་རྒྱུར། སི་རི་ཡ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མུ་མཐུད་དུ་མཉམ་འབྲེལ་སྒོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུ་ཡིན་པ་དང་། ལྷག་པར་དུ་རྣམ་པ་མི་འདྲ་བའི་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།

ཨ་ཡིའུ་པུའུ་ཡིས་གྲོས་མཐུན་བཀོད་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡ་དང་དབྱི་ལིང་རྒྱལ་ཁབ་གཉིས་བར་སྲ་བརྟན་གྱི་འཐབ་ཇུས་འབྲེལ་བ་ཡོད་ལ། རྒྱུན་མ་ཆད་པར་ཇེ་དྲག་ཏུ་འགྲོ་བཞིན་པའི་གནོན་ཤུགས་དང་འཇིགས་སྐུལ་ལ་ཁ་ཕྱོགས་ནས། ཕྱོགས་གཉིས་ཀྱིས་ནམ་ཡང་ཁྱབ་ཁོངས་སོ་སོའི་དམག་དོན་དང་བདེ་འཇགས་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། ཁོས་བསྟན་དོན། དབྱི་ལིང་ནི་སི་རི་ཡའི་གྲོགས་པོ་གལ་ཆེན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ས་ཁུལ་གྱི་ད་ལྟ་དང་མ་འོངས་པར་འབྲེལ་བ་ཆེན་པོ་ཡོད་ཟེར།

པ་ཀའེ་ལིས་ཀྱིས་བསྟན་དོན། ས་ཁུལ་དེའི་མི་དམངས་དང་རྒྱལ་ཁབ་ཀྱིས་དམག་དོན་དང་རྒྱལ་སྲུང་། བདེ་འཇགས་ཀྱི་འབྲེལ་བ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་བ་མ་ཟད། མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་རྒྱུའི་སེམས་ཐག་བཅད་ཡོད་ལ།  གྲོས་མཐུན་དེས་སི་རི་ཡ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་ལ། དེའི་ཁྲོད་སི་རི་ཡའི་མཁའ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་དབྱི་སི་རལ་གྱི་བཙན་གནོད་ལ་ཁ་གཏད་འཇལ་བ་གཉིས་འདུ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།