ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པས་ཧན་གོ་དང་ཁྲའོ་ཞན་ལ་འཚམས་འདྲི་གནང་སྐབས་ཨ་རི་དང་ངོ་ཐུག་གླེང་མོལ་མི་བྱེད་རྒྱུའི་རེ་འདུན་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་སྲིད་བློན་ཆེན་གཞོན་པ། ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་སི་ཏི་ཧྥན·པི་ཀེན་གྱིས་ཧན་གོར་འཚམས་འདྲི་བྱེད་འགོ་ཚུགས་པའི་ཉིན་དེར། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་ཕྱོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་བྱེད་པའི་དགོས་བ་མེད་པའི་དུས་མཚུངས་སུ། ཧན་གོས“འདུམ་གཅོད་པ”འཁྲབ་རྒྱུར་སྐྱོན་བརྗོད་བྱས་ཏེ་ཧན་གོ་ཕྱོགས་ཀྱིས“ཐེ་གཏོགས”བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

ཚེས་བདུན་ཉིན་ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཨ་མེ་རི་ཁ་ཅུའུ་ཡི་ཅུས་ཀྲང་ཆོན་ཀྲེང་ཀེན་གྱིས་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་བརྒྱུད་ནས་གཏམ་བཤད་སྤེལ་བ་རེད། རེས་སྐོར་གསར་པའི་ཁྲའོ་ཞན་དང་ཨ་རིའི་འགོ་གཙོའི་མཇལ་འཛོམས་གནང་བའི་ཐད། ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་དང་པོ་ཚུའེ་ཧྲན་ཅིས་དེ་སྔོན་སྤེལ་བའི་གླེང་མོལ་ནང་ཁྲའོ་ཞན་གྱི་ལངས་ཕྱོགས་བརྒྱུད་བསྒྲགས་བྱས་ཡོད། ཁྲའོ་ཞན་ཕྱོགས་ཀྱིས“དྲན་སྐུལ་སླར་ཡང་གསལ་པོ་བྱས་ཡོད། ང་ཚོས་ཨ་མེ་རི་ཁའི་མི་དང་མཉམ་དུ་གླེང་མོལ་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱིན་མེད”ཅེས་བཤད། ཚུའེ་ཧྲན་ཅིས་ཚེས་བཞི་ཉིན་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་དབར་སྐད་ཆ་ཤོད་རེས་བྱ་རྒྱུ་ནི་ཨ་མེ་རི་ཁའི་ཕྱོགས་ཀྱིས་དེའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་ལག་ཆ་ཙམ་ཡིན་པས། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་གྲོས་མོལ་བྱེད་པའི་དགོས་པ་མེད་ཟེར།  ཆོན་ཀྲེང་ཀེན་གྱིས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ལངས་ཕྱོགས་གསལ་སྟོན་བྱས་ཡོད་མོད། འོན་ཀྱང་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་གཙོའི་ཐུག་འཕྲད་གསར་པར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་སྲིད་ཅེས་སྔར་བཞིན་བརྗོད་ཀྱི་ཡོད། ཁོང་གིས་ཧན་གོར“ཐེ་གཏོགས”བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་ཡོད། དེ་འདྲ་མ་བྱས་ན“ལྷོ་བྱང་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བའི”གནས་ཚུལ་ཐོན་རྒྱུ་རེད་ཟེར།

ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བརྙན་ལམ་ཐོག་ནས་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ད་ལོའི་ཟླ་བཅུ་གཅིག་པར་ཨ་མེ་རི་ཁའི་ཙུང་ཐུང་འདེམས་བསྐོ་མ་བྱས་གོང་། ཨ་མེ་རི་ཁ་དང་ཁྲའོ་ཞན་དབར་སླར་ཡང་གྲོས་མོལ་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་མངོན་འདོད་བསྟན་ཡོད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་དོན། པི་ཀེན་གྱིས་ཚེས་བདུན་ནས་ཚེས་བཅུ་ཉིན་བར་ཧན་གོ་དང་འཇར་པན་ལ་འཚམས་འདྲི་བྱེད་བཞིན་ཡོད་ཅིང་། ཁོས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་དང་། ཁྲའོ་ཞན་གྱིས་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ཉིང་རྡུལ་མཚོན་ཆ་དོར་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུའི་ཐད་གྲོས་སྡུར་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།