ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པས་ལས་འགན་མི་ཁུར་བའི་དགོངས་ཞུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བདུན་ཉིན་ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཨའོ་ཐོ·སུང་ནེན་ཧོའར་ཚེ་ན་ཡིས་ཙུང་ཐུང་གཞོན་པའི་ལས་འགན་མི་ཁུར་བའི་དགོངས་ཞུ་ཁྱབ་བསྒྲགས་བྱས།

སུང་ནེན་ཧོའར་ཚེ་ན་ཡིས་ཉིན་དེར་བརྙན་འཕྲིན་གསུང་བཤད་གནང་ནས་ཙུང་ཐུང་གཞོན་པའི་ལས་འགན་མི་ཁུར་བར་དགོངས་ཞུ་བྱ་རྒྱུ་ནི། “དཀའ་ཚེགས་ཆེ་བའི་གཏན་འབེབས”ཤིག་ཡིན་ཞེས་ནན་བཤད་གནང་བ་རེད། ཁོས་ཨེ་ཁྭ་ཏོར་ལ་མིག་སྔར་རིམས་ནད་གསར་པའི་རྐྱེན་གྱིས་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་པའི་འདེམས་སྒུག་པ་མཁོ་གལ་ཆེས་ཟེར། ཁོ་ཉིས་སྟོང་ཉེར་གཅིག་ལོའི་འདེམ་བསྐོའི་ནང་ཞུགས་མིན་གསལ་བོ་བྱས་མེད།

ཨེ་ཁྭ་ཏོར་གྱི་བཅའ་ཁྲིམས་ལ་གཞིགས་ན། ཙུང་ཐུང་གཞོན་པས་ལས་འགན་མི་ཁུར་བའི་དགོངས་ཞུ་བྱེད་པར་རྒྱལ་དམངས་འཐུས་མི་ཚོགས་ཆེན(གྲོས་ཚོགས)ཀྱི་ཆོག་མཆན་ཐོབ་དགོས། ཆོག་མཆན་ཐོབ་རྗེས། ཙུང་ཐུང་གིས་གྲོས་ཁང་ལ་ཙུང་ཐུང་གི་བདམ་བྱའི་འོས་མི་གསུམ་འོས་སྦྱོར་བྱས་ནས་བརྡས་ཐག་གཅོད་དགོས།

སུང་ནེན་ཧོར་ཚི་ན་ད་ལོ་ལོ་སོ་བདུན་ཡིན། རྒྱལ་སྤྱིའི་དཔལ་འབྱོར་གནད་དོན་གྱི་ཆེད་མཁས་པ་ཞིག་ཡིན་ལ། ད་ལྟའི་ཙུང་ཐུང་མོ་ལེ་ནུའོ་ཡིས་འགན་བཞེས་ཚུན་གྱི་ཙུང་ཐུང་གཞོན་པ་གསུམ་པ་དེའང་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། སུང་ནེན་ཧོའར་ཚེ་ན་ཡིས་ལྐོག་ཟ་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ལས་ཁུར་དགོངས་ཞུ་དང་ལེན་བྱེད་མཁན་པི་ཁུའུ་ཉི་ཡ་ཡི་ཙུང་ཐུང་གཞོན་པའི་འགན་བཞེས་ནས་རྒྱལ་ཁབ་དེའི་ལོ་རྒྱུས་ཐོག་གི་ལོ་ན་ཆུང་ཤོས་ཀྱི་ཙུང་ཐུང་གཞོན་པ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།