ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཐར་གྱི་པྲོག་དབྱིབས་ནད་དུག་གསར་བ་གཏན་འཁེལ་བྱས་པའི་ནད་པ་འབུམ་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་ཐར་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཉིན་དེར་རྒྱལ་ཁབ་དེའི་པྲོག་དབྱིབས་ནད་དུག་གསར་པ་གཏན་འཁེལ་བྱས་པའི་ནད་པ་ལྔ་བརྒྱ་དང་ཞེ་དྲུག་གིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་ནད་པ་འབུམ་གཅིག་དང་སུམ་བརྒྱ་ཞེ་ལྔ་གཏན་འཁེལ་བྱས་པ་དང་། ཤི་བའི་ནད་པ་ལྔ་གསར་སྣོན་བྱས་ཡོད་ཅིང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་མི་བརྒྱ་སོ་གསུམ་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།

ཁ་ཐར་འཕྲོད་བསྟེན་པུའུ་ཡིས་གཞུང་ཕྱོགས་དྲ་ཚིགས་སྟེང་བཤད་རྒྱུར། རྒྱལ་ཁབ་དེས་ཉིན་དེར་མི་སྟོང་བཞི་དང་དྲུག་བརྒྱ་དོན་བདུན་ལ་ནད་དུག་གསར་པ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། མི་འབུམ་གསུམ་དང་ཁྲི་བརྒྱད་སྟོང་དྲུག་བརྒྱ་དང་བཅུ་གཅིག་ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད་ཟེར།

འཕྲོད་བསྟེན་པུའུ་ཡིས་བསྟན་དོན། ཉེ་དུས་ཉིན་རེར་གསར་དུ་འཕར་བའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པའི་གྲངས་འབོར་རྒྱུན་མཐུད་ངང་མར་ཆག་པ་དང་དུས་མཚུངས་སུ་དྲག་སྐྱེད་བྱུང་ཚད་ཆེས་ཆེར་འཕར་ཡོད། དེས་ཁ་ཐར་གྱི་རིམས་ནད་ནི་མཐོ་རླབས་ལས་བརྒལ་ཡོད་པ་མཚོན་ཡོད་ཟེར།

ཁ་ཐར་འཕྲོད་བསྟེན་བློན་ཆེན་ཁུའུ་ཝ་ལིས་བཤད་རྒྱུར། རིམས་ནད་ཅུང་ཞི་ལྷོད་དུ་སོང་ཡོད་མོད། འོན་ཀྱང་ནད་དུག་གསར་བས་སྔར་བཞིན་མི་རྣམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད། མང་ཚོགས་ཡོད་ཚད་ཀྱིས་མུ་མཐུད་ནས་དགོས་ངེས་ཀྱི་རིམས་འགོག་བྱེད་ཐབས་སྤྱོད་དགོས་ཟེར།

ཁ་ཐར་གྱིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་དུས་མཚམས་བཞི་ལ་དབྱེ་ནས་རིམས་ནད་སྔོན་འགོག་གི་ཚོད་འཛིན་བྱེད་ཐབས་རིམ་བཞིན་མེད་པར་བཟོས་པ་རེད། དེའི་གོང་ལ་ཁ་ཐར་གྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་མང་པོ་བཏོན་པའི་ནང་ས་མཚམས་ནས་འགྲོ་འོང་བྱེད་མཁན་དང་། སྤྱི་པའི་འགྲིམ་འགྲུལ་གཏོང་མཚམས་འཇོག་པ། རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ནང་འདྲེན་བྱེད་མི་ཆོག་པ། སློབ་གྲྭས་རྒྱང་བསྟེན་སློབ་ཁྲིད་བྱེད་པ། གློག་བརྙན་ཁང་དང་ཟློས་གར་ཁང་སྒོ་བརྒྱབ་པ་སོགས་ཚུད་ཡོད་པ་རེད། ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ནས་བཟུང་མི་ཚང་མ་སྒོར་འབུད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་ལ་སྡོད་མཁན་མི་གཉིས་ལས་བརྒལ་སྐབས་རླངས་འཁོར་ནང་གི་མི་སྣས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་གཏན་འབེབས་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།