ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱིས་ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྨན་བཅོས་ཡན་ལག་རུ་ཁག་ལ་བསྟོད་བསྔགས་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་གྱིས་ཚེས་ལྔ་ཉིན་ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྨན་བཅོས་ཡན་ལག་རུ་ཁག་སྐོར་ཐེངས་བཅོ་བརྒྱད་པར་རྟོག་ཞིབ་བྱས་པ་དང་། ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གི་ཕུལ་དུ་བྱུང་བའི་བྱ་བའི་རྣམ་འགྱུར་ལ་བསྟོད་བསྔགས་ཆེན་པོ་བྱས། 

ཉིན་དེར་ཏི་ཨར་ཁི་ཨར་འཁོར་དང་བཅས་པ་ཆེད་བཏང་གནམ་གྲུར་བསྡད་དེ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྨན་བཅོས་ཡན་ལག་རུ་ཁག་གི་སྒར་སར་སོང་ནས། ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གི་གཞི་རྩའི་གནས་ཚུལ་དང་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཚན་ཁག་སོ་སོའི་བརྟག་བཅོས་ཁང་ལ་ལྟ་སྐོར་བྱས། 

ཏི་ཨར་ཁི་ཨར་གྱིས་བསྟན་དོན། ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་པྲོག་དབྱིབས་ནད་དུག་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ལ། དེ་ལས་མངོན་པའི་ཆེད་ལས་ཀྱི་སྙིང་སྟོབས་དང་དཔུང་ཁག་གི་སྙིང་སྟོབས། ཉེན་ཁར་མི་འཛེམ་པའི་སྙིང་སྟོབས་བཅས་གོང་བཀུར་བྱེད་འོས་ཟེར། 

ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྨན་བཅོས་ཡན་ལག་རུ་ཁག་སྐོར་ཐེངས་བཅོ་བརྒྱད་པའི་རུ་གཙོ་ལིས་རོའུ་ཀྲིན་གྱིས་བསྟན་དོན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱིའི་བསྟོད་བསྔགས་ནི་ཀྲུང་གོའི་སྨན་བཅོས་མི་སྣའི་འདས་སོང་གི་བྱ་བར་ཁས་ལེན་བྱས་པ་ཡིན་ལ། མ་འོངས་པའི་རེ་བའང་ཡིན་པ་རེད། ཀྲུང་གོའི་སྨན་བཅོས་མི་སྣ་དག་གིས་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དཔོན་དམག་དག་གི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས་པར་མ་ཟད། བཅའ་སྡོད་བྱེད་སའི་མང་ཚོགས་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཐད་ཀྲུང་གོའི་དམག་མིའི་སྟོབས་ཤུགས་བཏོན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ལེ་པཱ་ནུན་དུ་མངག་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་ཀྱི་སྨན་བཅོས་ཡན་ལག་རུ་ཁག་སྐོར་ཐེངས་བཅོ་བརྒྱད་པ་དེ་དཔོན་དམག་སུམ་ཅུས་གྲུབ་ཡོད་པ་དང་། གཙོ་བོ་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཤར་ཕྱོགས་འཐབ་ཁུལ་གྱི་དམག་དོན་དང་དམངས་དོན་མི་སྣའི་ཉིན་རྒྱུན་གྱི་གསོ་བཅོས་འགན་སྲུང་གི་ལས་འགན་ཁུར་ཡོད་ཅིང་། ཞོར་དུ་ལེ་པཱ་ནུན་གྱི་ས་གནས་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ལ། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་ས་གནས་མང་ཚོགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།