ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་སྲིད་འཛིན་ཏང་མནའ་འབྲེལ་ལ་གྲོས་ཁང་གི་འདེམ་བསྐོའི་རྒྱལ་ཁ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པའི་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལྟར་ན། སྲིད་འཛིན་ཏང་སེར་ཝེ་ཡཱའི་མདུན་བསྐྱོད་ཏང་གཙོ་བྱས་པའི་ང་ཚོའི་བྱིས་པའི་ཆེད་དུ་ཞེས་པའི་ཏང་ཁག་མནའ་འབྲེལ་ལ་བརྒྱ་ཆའི་དྲུག་ཅུའི་ཡན་གྱི་འདེམ་ཤོག་ཐོབ་ནས། གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་ཡོད་པ་རེད། 

གཞི་གྲངས་ལྟར་ན། ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་བརྒྱད་དང་གྲངས་ཆུང་དགུ་གསུམ་ཡིན་པ་རེད། ཙུང་ཐུང་ཝུའུ་ཆི་ཆི་ཡིས་མགོ་ཁྲིད་པའི་མདུན་བསྐྱོད་ཏང་གཙོ་བྱས་པའི་ང་ཚོའི་བྱིས་པའི་ཆེད་དུ་ཞེས་པའི་ཏང་ཁག་མནའ་འབྲེལ་ལ་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་དྲུག་ལྔའི་འདེམ་ཤོག་ཐོབ་པ་དང་། གྲོས་ཁང་གི་ལས་གནས་བརྒྱ་དང་གྱ་བརྒྱད་ཐོབ་སྟེ། སྒེར་ཚུགས་སུ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་མཁོ་བའི་གྲོས་ཁང་གི་ལས་གནས་ཕྱེད་གྲངས་ལས་བརྒལ་ཡོད། 

སེར་ཝེ་ཡཱའི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད། ད་ལོའི་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དབང་གིས་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་རྗེས་སུ་སྣུར་བ་དང་། ཏང་ཁག་དང་ཏང་ཁག་མནའ་འབྲེལ་ཉེར་གཅིག་གིས་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་ལྔ་བཅུ་རྩོད་ལེན་བྱས། རྩིས་གྲངས་ལ་ནོར་འཆུག་བྱུང་བ་སོགས་ཀྱི་དབང་གིས་འདེམ་ཤོག་འཕེན་ས་ཉིས་བརྒྱ་དང་སོ་བཞི་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཡང་བསྐྱར་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།