ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་མྱུར་དུ་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཚེས་གཉིས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་ཤུགས་རྐྱེན་སྐོར་གྱི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་མྱུར་དུ་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲང་ཅོན་གྱིས་བསྟན་དོན། རིམས་ནད་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འགྲན་རྩོད་བཟོས་ཡོད་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཤམ་གྱི་ཕྱོགས་བཞིར་དམིགས་ཏེ་འགུལ་སྐྱོད་སྤེལ་བའི་འབོད་སྐུལ་གཏོང་དགོས་ཏེ། གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་མྱུར་དུ་དངོས་འབེབ་བྱས་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་མ་ཐག་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཆོད་དོན་གོ་སྐབས་སུ་བྱས་ནས། འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་པར་སྐུལ་མ་གཏོང་བ་དང་། མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ། བློ་སེམས་གཅིག་མཐུན་གྱིས་རིམས་ནད་འགོག་རྒོལ་དང་ཚེ་སྲོག་མྱུར་སྐྱོབ་བྱས་ནས། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པར་འབད་དགོས། གཉིས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས། གསུམ་ནས་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་གང་ནུས་ཀྱིས་འགན་སྲུང་བྱེད་དགོས། བཞི་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་རིམས་ནད་བྱུང་བའི་སྐབས་སུ་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་མྱུར་དུ་རྩིས་མེད་དུ་གཏོང་བ་དང་། རྩ་བའི་ཐོག་ནས་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་དག་གི་དཀའ་སྡུག་ཇེ་ཉུང་དུ་གཏོང་བར་སྐུལ་མ་གཏོང་དགོས་ཟེར། 

ཀྲང་ཅོན་གྱིས་བཤད་རྒྱུར། མིག་སྔར་རིམས་ནད་དེ་འཛམ་གླིང་ཡོངས་སུ་སྔར་བཞིན་རྒྱ་ཡན་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་སོ་སོ་རིམས་ནད་འགོག་རྒོལ་དང་ཚེ་སྲོག་མྱུར་སྐྱོབ། དཔལ་འབྱོར་གཏན་འཇགས། དམངས་འཚོའི་འགན་སྲུང་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་ལ་འཕྲད་ཡོད་པས། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཤིང་། རང་ནུས་ཅི་ལྕོགས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ་རིམས་ནད་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་དམའ་རུ་གཏོང་དགོས། 

ཀྲང་ཅོན་གྱིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། 

ཀྲང་ཅོན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་རིམ་སྟེང་གི་རྒྱལ་ཁབ་ཚང་མ་འདུས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་དང་ལྔ་བཅུ་ལྷག་ལ་རྣམ་པ་མི་འདྲ་བའི་རིམས་འགོག་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད། རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་ཆེད། ཀྲུང་གོའི་ཕྱོགས་ཀྱིས་ད་རུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་བྱས་ཏེ་རིམས་འགོག་བྱེད་པའི་མཐོ་རིམ་དམིགས་བསལ་གྲོས་ཚོགས་དང་། བརྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་རིས་གྲོས་ཚོགས་སོགས་གཙོ་སྒྲུབ་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།